R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༣༡
[A:༢༣༡]ལོར། གོ་རམས་ཤེར་དཔལ་གྱིས། རབ་འབྱམས་ལ་སོགས་བཤེས་གཉེན་བརྒྱ་རྩ་གཅིག །ཅེས་བརྒྱ་འབུལ་གྱི་རྣམ་གྲངས་སུ་མང་དུ་བཀོད་པའི་དཀྱུས་ཀྱི་གཙོ་བོར་བྱས་ཏེ། རོང་སྟོན་སྨྲ་བའི་སེང་གེ་དགུང་ལོ་བརྒྱད་ཅུ་རྩ་གཉིས་ལོན་པ། ཆོས་གྲྭ་ནཱ་ལེནྡྲ་ཐེབས་ནས་ལོ་བཅུ་གསུམ་ལོན་པ་དེ་ཉིད་ལ་རོང་སྟོན་ཆེན་པོའི་གསུང་གི་བཅུད་མྱངས་ཏེ་ལོ་གཉིས་ལོན་པ་སྦྲུལ་གྱི་ལོ་ལ་རོང་སྟོན་ཆེན་པོ་དག་པའི་ཞིང་དུ་བཞུད་པ་ནས། ལོ་དེ་ཉིད་ལ་ཆོས་གྲྭ་ཆེན་པོ་འབྲས་ཡུལ་གསར་ཐུགས་ཀྱི་དགའ་སྟོན་གསར་པ་ལ་ལོངས་སུ་སྤྱོད་པའི་ཚེ་བྱམས་ཆེན་རབ་འབྱམས་རྗེའི་ཞབས་ཀྱི་པདྨོར་གཏུགས། ལོ་ངོ་ལྔ་ལ་མདོ་ཕྱོགས་ཀྱི་གནད་མ་ལུས་པ་ལ་སྒྲོ་འདོགས་བཅད། རང་ལོ་ཉེར་ལྔ་པ་ཆུ་མོ་བྱའི་ལོར། ཨེ་ཝཾ་ཆོས་ལྡན་དུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཞབས་པད་བསྟེན། ཉེར་དྲུག་པ་ཤིང་ཕོ་ཁྱི་ལོར་རྡོ་རྗེ་སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། སྡོམ་བརྩོན་སངས་རྒྱས་དཔལ་བཟང་པོ་རྣམས་ཀྱིས་མཁན་པོ་དང་ལས་གསང་མཛད་དེ་བསྙེན་པར་རྫོགས། མདོར་ན་བྱ་ལོ་ནས་མེ་ཕོ་བྱི་ལོ་ངོར་ཆེན་ཞི་བར་གཤེགས་ཀྱི་བར་ལོ་ངོ་བཞི་ལ། གསུང་ངག་སོགས་རྒྱུད་མན་ངག་གསན། ཕྱི་ལོར་ངོར་ཆེན་ཞི་བར་གཤེགས་ནའང་། མུས་ཆེན་སོགས་མཁས་པ་དུ་མ་ལ། གསུང་ངག་སོགས་རྒྱུད་མན་ངག་གི་ཟབ་བཅུད་བླངས་ཏེ་ལོ་ངོ་བརྒྱད་ལ་རྒྱུད་མན་ངག་གི་སྒྲོ་འདོགས་བཅད། རང་ལོ་སོ་གཉིས་པ་ལྕགས་ཕོ་འབྲུག་ལོར་མདོ་ཁམས་ཕྱོགས་སུ་གོམ་ཟུང་འཕོས་ཏེ་འབྲས་ཡུལ་ཉིད་དུ་ཕྱག་ཕེབས་པ་ན། རབ་འབྱམས་ཆོས་རྗེའི་ཐུགས་རྗེའི་ལྕགས་ཀྱུས་བཟུང་སྟེ། སོ་གསུམ་པ་སྦྲུལ་ལོ་ནས་སྤྲེལ་ལོའི་བར་ལོ་བཞི་ཙམ་ཞིག་འབྲས་ཡུལ་ཉིད་དུ་ཟུར་ནས་འཆད་པའི་དབྱངས་ཀྱི་བློ་ལྡན་རྣམས་ཡིད་གསོལ་པར་བྱས། ཀྱཻ་རྡོ་རྗེའི་གཞི་བསྙེན་དང་། སྡོམ་གསུམ་གྱི་