R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༨༡
[A:༡༨༡] ཕྱོགས་ལས་རྣམ་རྒྱལ་ནི་མངའ་རིས་དོལ་པོར་མེ་ཕོ་རྟ་ལ་བྱོན། ཀུན་མཁྱེན་དོལ་པོ་ལས་ལོ་བཅུ་བཞིས་གཞོན། གཞོན་པའི་དུས་སུ་དབུས་ཆོས་འཁོར་གླིང་དུ་གསན་སྦྱོངས་མཛད། དབུས་གཙང་དུ་གྲྭ་སྐོར་མཛད་པའི་ཞོར་ལ་ཇོ་ནང་དུ་ཀུན་མཁྱེན་ཆེན་པོའི་ཞབས་ཟུང་བསྟེན། བྱང་བདག་ཆེན་ཏཱ་དབེན་ནམ་མཁའ་བརྟན་པས། ཀུན་མཁྱེན་དང་དཔོན་སློབ་གཉིས་མངའ་རིས་སུ་སྤྱན་དྲངས། ཆོས་སྡེ་ཆེན་པོ་བཏབ། ཕར་ཚད་ཀྱི་བཤད་ཉན་ཡང་དག་པ་མཛད། གདན་ས་མཁན་ཆེན་བསྟན་རྒྱལ་བ་ལ་གཏད་ནས་རང་ལོ་ཞེ་དགུ་པ་ལ་ཇོ་མོ་ནང་གི་གདན་ས་མཛད། ལོ་ལྔ་ནས་དེ་ཡང་གཏད་ནས་དབུས་ལ་བཞུད། སླར་སེ་མཁར་ཆུང་དུ་ཕེབས། དུས་འཁོར་སོགས་ཀྱི་འཆད་ཉན་གནང་ནས། ས་ག་ལི་འགྲེམ་པ་སུམ་བརྒྱ་ཙམ་གྱི་ནང་ནས། གསོལ་ཇ་རྒྱུག་པའི་ཆོས་དཔོན་བརྒྱད་ཅུ་ཙམ་བྱུང་ཟེར་རོ། ཇོ་ནང་ཕྱོགས་ལས་པ་འདིས་དཔལ་ངམ་རིངས་ཆོས་སྡེའི་ཆོས་སྡེ་བླ་བྲང་དང་འདུ་ཁང་རྙིང་པ་དང་ཤར་ནུབ་ཀྱི་གྲ་ཁང་ལ་སོགས་པ་བཏབ་པས་ཆོས་སྡེ་བཏབ་ཅེས་གྲགས་པ་ནི། འདས་ལོ་ནས་སུམ་སྟོང་བཞི་བརྒྱ་དང་བདུན་ཅུ་རྩ་འདྲེན་གྱི་སྐབས་སུ་ཡིན་པར་སེམས་ལ། འདི་ཉིད་ཆོས་སྡེའི་མཁན་རབས་ལྔ་པ་ཡིན་ཞིང་། འདི་ཉིད་ཀྱིས་མཁན་པོ་བསོད་ནམས་རྒྱལ་མཚན་ལ་གཏད་རྗེས། སླར་ཡང་མཁན་པོ་མཛད་ཅིང་དེ་ནས་མཁན་པོ་བསྟན་པའི་རྒྱལ་མཚན་ལ་གཏད་ཅེས་མཁན་རབས་ལས་འབྱུང་། ཁོང་གིས་མཁན་པོ་ལན་གཉིས་མཛད་པ་དེ། ཁོང་པས་ཇོ་ནང་གདན་ས་མཛད་རྗེས་ཡིན་ནམ་ཇི་ལྟར་ཡིན་མ་འཚལ། གངས་ཁྲོད་པ་གྲགས་པ་དཔལ་ནི། ཆུ་མོ་འབྲུག་གི་ལོ་སྒྱེར་ཕུ་རྒྱ་