R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༧༩
[A:༡༧༩] དེས་ན་རྗེ་འདི་ཀརྨ་རང་བྱུང་རྡོ་རྗེ་དང་མཇལ་ཏེ་རང་སྟོང་པའི་གྲུབ་མཐའ་བཟུང་བས། ཀརྨ་པས་ཕྱིས་གཞན་སྟོང་པར་འགྱུར་བར་ལུང་བསྟན་ཟེར། སྤྱིར་གཞན་སྟོང་པའི་ལུགས་ཐོག་མར་ཀརྨ་རང་བྱུང་རྡོ་རྗེས་བཟུང་བར་སེམས། ཇོ་ནང་དུ་ནི་ཀུན་མཁྱེན་ཆེན་པོ་མན་ཆད་གཞན་སྟོང་པར་སོང་བ་ཡིན་ནོ། འོན་ཀྱང་ཇོ་ནང་ཐོག་མར་འདེབས་པ་པོ་ནི། ཇོ་ནང་ཀུན་སྤངས་ཞང་ཐུགས་རྗེ་བརྩོན་འགྲུས་ཤེས་རབ་གྲགས་པ་དེ་ཡིན་ཏེ། ཆུ་མོ་ཡོས་ཀྱི་ལོ་བྱང་མདོག་སྟོད་ངབ་བྱར་སྤངས་ཁང་དུ་བྱོན། འཕགས་པ་རིན་པོ་ཆེ་ལས་ལོ་བརྒྱད་ཀྱིས་གཞོན། བར་པ་འཇམ་དབྱངས་བཞི་ཐོག་པ་རིན་ཆེན་རྒྱལ་མཚན་ལ་ལམ་འབྲས་གསན། ཆོས་སྐུ་འོད་ཟེར་ལ་སྦྱོར་དྲུག་སོགས་གསན། རྐྱང་འདུར་དུ་འཆད་ཉན་ཡང་མཛད། ཕྱིས་འཆད་ཉན་བསྐྱུངས་ཏེ་སྒོམ་ལ་ཞུགས་ཏེ་ཀུན་སྤངས་པར་གྲགས་སླར་ཇོ་ནང་གི་དགོན་པ་བཏང་། བཤད་སྒྲུབ་སྤེལ་མར་གནང་བས་ཀུན་སྤངས་བུ་བཞིར་གྲགས་པ་བྱོན་ཏེ། བྱང་སེམས་རྒྱལ་པོ་ཡེ་ཤེས། ལས་སྟོད་པ་དབང་རྒྱལ། མུན་མེ་བྲག་ཁ་བ་གྲགས་པ་སེང་གེ། སྟོན་པ་ཀུན་རྒྱལ་རྣམས་སོ། ལས་སྟོད་དབང་རྒྱལ་དང་། ཇོ་ནང་ཀུན་སྤངས་ནི་ལམ་འབྲས་བསྲེས་བརྒྱུད་ཀྱི་སྐབས་སུ་མཚན་སྨོས་པ་དེ་ཡང་ཡིན་ནོ། བྲག་ཁ་བ་གྲགས་པ་སེང་གེ་ནི། ལས་སྟོད་བྱང་གི་རྒྱལ་སྡེ་ཐང་དཀར་བྱོན། ཁྲོ་ཕུ་སེམས་དཔའ་ཆེན་པོ་དང་། བུ་སྟོན་སེང་གེ་འོད་ལས་བསྙེན་པར་རྫོགས། ས་སྐྱར་ཕྱ་རུབ་སེང་གེ་དཔལ་ལ་རྣམ་འགྲེལ་དང་། ཇོ་ནང་ཀུན་སྤངས་པ་དང་། བྱང་སེམས་རྒྱལ་ཡེ་ལ་སྦྱོར་དྲུག་སོགས་གསན། ལོ་གྱ་དགུ་ཐུག་བཞུགས།