R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༧༧
[A:༡༧༧] དེའི་དྲུང་དུ་ཕར་ཚད་སོགས་ལ་སྦྱངས། ཉེར་གཅིག་པ་ལ་ཡབ་དང་ལྷན་ཅིག་ཏུ་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད། དབུས་ནས་མཁས་པ་ཤཱཀྱ་གཞོན་ནུ་དང་། ཁ་རག་བྱང་གཞོན། གཙང་ནས་མཁས་པ་དཔལ་ལྡན་སེང་གེ་དང་། འཇམ་སྐྱ་སོགས་ལུང་རིགས་ཀྱིས་བཏུལ་བས་ཕ་སྟོན་བུ་སྟོན་དུ་གྲགས། ཉེར་གསུམ་པ་ལ་མཁན་ཆེན་བཀའ་བཞི་པ་གྲགས་པ་གཞོན་ནུ་དང་། སློབ་དཔོན་བསོད་ནམས་གྲགས་པ་ལས་བསྙེན་པར་རྫོགས། འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་སྤེལ། ཐར་པ་ལོ་ཙཱ་བ་ལ་སྒྲ་སྙན་ངག། བླ་མ་འཕགས་འོད་ལས་གསང་འདུས། རོང་པ་ཤེར་སེང་གི་དབོན་པོ་རྡོ་རྗེ་རྒྱལ་མཚན་ལ་དུས་འཁོར་སོགས་གསན། སུམ་ཅུ་པ་ལ། ཕར་ཕྱིན་ལུང་སྙིང་མཛད། སོ་གཅིག་པ་ལ་ཞྭ་ལུའི་འཛིན་སྐྱོང་གནང་། ཞྭ་ལུ་རི་ཕུག་བཏབ། རི་ཕུག་ཏུ་ཚོགས་པ་བརྒྱ་དྲུག་ཅུ་དང་། ཞྭ་ལུར་སུམ་སྟོང་བརྒྱད་བརྒྱ་རེ་འདུས། རེ་བདུན་པ་ལ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་ལ་ཞྭ་ལུའི་གདན་ས་གཏད། རི་ཕུག་ཏུ་གདན་ཕབ། བཀའ་འབུམ་པོ་ཏི་སོ་གསུམ་བཞུགས། དོན་ལྔ་པ་ཤིང་ཕོ་འབྲུག་ཟླ་བ་དྲུག་པའི་ཉེར་གཅིག་ལ་གཤེགས་སོ། འདི་ལ་སློབ་བུ་ཤིན་ཏུ་མང་ཡང་། གཙོ་བོ་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ། བྱང་པ་དཀོན་མཆོག་གྲགས། གོང་གསུམ་བདེ་ཆེན་ཆོས་ཀྱི་མགོན་པོ། ཡོ་ག་བ་རིན་བཟང་། ཡོ་ག་བ་ཚེ་དབང་། ཁྱུང་པོ་ལྷས་པ་སོགས་སོ། ཆོས་རྗེ་བླ་མ། རྒྱལ་སྲས་པ། བུ་སྟོན་སོགས་ནི་ཕར་སློབ་ཚུར་སློབ་ཡིན་ནོ། དེས་ན་ད་ལྟའི་ཤིང་བྱི་འདི། དཔང་ལོའི་མེ་ཕོ་བྱི་བ་ནས་ཉེར་བརྒྱ་དང་གྱ་བརྒྱད་པ། ན་བཟའ་བྲག་ཕུག་པས་མེ་གླང་མས་ཉིས་བརྒྱ་དང་གྱ་བདུན་པ། རང་བྱུང་རྡོ་རྗེའི་ཤིང་སྤྲེ་ནས་ཉིས་བརྒྱ་གྱ་གཅིག་པ། བུ་སྟོན་གྱི་ལྕགས་ཕོ་