R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༦༦
[A:༡༦༦]མཚོ། གུ་གེ་གཡའ། པུ་རངས་གངས་ཀྱིས་བསྐོར་བས་སྟོད་མངའ་རིས་སྐོར་གསུམ་ཆོལ་ཁ་གཅིག། གཙང་ལ་གཡས་རུ་དང་གཡོན་རུ་གཉིས། དབུས་ལ་སྦུ་རུ་དང་གཡོ་རུ་གཉིས་ཏེ་བར་དབུས་གཙང་རུ་བཞི་ཆོལ་ཁ་གཅིག། ཚ་བ་སྒང་། པོ་འབོར་སྒང་། རྨར་ཁམས་སྒང་སྟེ་མདོ་ཁམས་སྒང་གསུམ་ཆོལ་ཁ་གཅིག་ཡིན་ཟེར་རོ། སླར་ཞེ་གཅིག་པ་དཔལ་ལྡན་ས་སྐྱར་ཕྱབ་ཕེབས། ཞེ་གསུམ་པ་མེ་མོ་གླང་ལ། རྒྱལ་པོ་ཇིན་གྱིམ་གྱིས་སྦྱིན་བདག་མཛད་དེ། གཙང་ཆུ་མིག་རིང་མོར་དགེ་འདུན་ཁྲི་ཕྲག་བདུན་ལ་གསེར་ཇ་གོས་དར་སོགས་ཀྱིས་མཆོད་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། ཞེ་དྲུག་པ་འབྲུག་ལོ་ཟླ་བ་བཅུ་པའི་ཉེར་གཉིས་ལ་བདེ་བར་གཤེགས་སོ། འདི་ཉིད་ལ་སློབ་མའི་མཆོག་མན་ངག་གི་བཀའ་བབས་ཞང་དཀོན་མཆོག་དཔལ་དང་། དགེ་སློང་ཀུན་བློ་གཉིས། རྒྱུད་ཀྱི་བཀའ་བབས་དགའ་ལྡན་པ་བཀྲ་ཤིས་དཔལ་དང་། དགའ་ལྡན་པ་ཀུན་བསོད་གཉིས། མགོན་པོའི་བཀའ་བབས་དམ་པ་ཀུན་དགའ་གྲགས། མཉེས་པའི་མཆོད་གཡོག་ཏི་ཤྲི་གྲགས་འོད། བླ་ཆེན་སངས་རྒྱས་སྲས། རིང་ཕུག་པ་དར་མ་རྒྱལ་མཚན། སྲོ་ལུང་པ་ཀུན་སྨོན་དང་བཞིའོ། ནུས་པའི་བདག་ཉིད་གཅུང་ཕྱག་ན་རྡོ་རྗེ་དང་། རྒྱལ་བུ་ཇིན་ཀིམ་གཉིས་སོ། གཞན་ཡང་ཆེ་བའི་བདག་ཉིད་ཤར་པ་དུས་འཁོར་བ་ཡེ་ཤེས་རིན་ཆེན། ཤར་པ་ཀུན་དགའ་སེང་གེ། ཤར་པ་འཇམ་དབྱངས་བཞི་ཐོག་པ་རིན་ཆེན་རྒྱལ་མཚན། ཁང་གསར་ཏི་ཤྲི་སངས་རྒྱས་དཔལ། གཉན་ཚུལ་ཁྲིམས་རྒྱལ་མཚན།