R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༤༡
[A:༡༤༡]བཤད་པ་ལས་ཤེས་སོ། དགོངས་གཅིག་ལ་སོགས་པའི་བསྟན་བཅོས་བརྩམས། ཐུགས་སྲས་སྤྱན་སྔ་བས་འགྲེལ་པ་ཡང་མཛད་དོ། མཐར་རང་ལོ་དོན་ལྔ་པ་གླང་ལོ་ཟླ་བ་གཉིས་པའི་ཉེར་ལྔ་ལ་སྐུ་གཤེགས་པ་ལས། སློབ་མ་གཉིས་ཀྱིས་ཚོགས་པ་ལ་ཞལ་སྟོན་པར་གསོལ་བས་སླར་འོད་གསལ་ལས་བཞེངས་ཏེ་ཉི་མ་གཉིས་སུ་ཆོས་གནང་བས་ཉེར་བདུན་ལ་གཤེགས་སོ། མཆོད་པ་གང་ལ་འཛིན་ཞུས་པས། ཉེར་ལྔ་ལ་གཟུང་གསུང་ནས་ལྔ་མཆོད་དུ་གྲགས་སོ། འདིའི་ཐུགས་སྲས་ནི། སྤྱན་སྔ་བ་གྲགས་པ་འབྱུང་གནས་ཏེ། འདི་ཉིད་རྗེ་བཙུན་གྲགས་པ་ཆོས་དབྱིངས་སུ་གཤེགས་པའི་གསོལ་འདེབས་ཀྱི་ཚོགས་དཔོན་ལ། ཆོས་རྗེ་ས་པན་གྱིས་སྤྱན་དྲངས་ཞེས་ཀྱང་ཟེར་རོ། དེས་ན་འབྲི་སྟག་གཉིས་ཀྱི་བར་ན་ལོ་གཅིག་ལས་མེད་ལ། སྟག་ལུང་པ་ཆེན་པོ་རྗེ་བཙུན་བསོད་རྩེ་དང་ན་མཉམ།
ཆོས་རྗེ་ས་པན་ཤར་ལ་ཐེགས་པའི་ཚེ། འབྲི་ཁུང་འཇིག་རྟེན་མགོན་པོ་མཇལ་གསུང་བ་ཅུང་མི་འགྲིག་པ་འདྲ་སྟེ། དེའི་[དུས] འབྲི་སྟག་གཉིས་ཆར་གཤེགས་ཚར་བས། དེས་ན་དེའི་ཚེ་འབྲི་ཁུང་སྤྱན་སྔ་བ་དང་མཇལ་ལས་འོས་མེད་དོ།
དེ་གཉིས་གླིང་རས་ལ་ལོ་བཞིས་གཞོན་ནོ།
བཀའ་གདམས་པའི་སྐོར་ལ། གླང་ཐང་པ་ཤིང་ཕོ་རྟ་ལོ་ཡིན་པས་ས་ཆེན་ལས་ལོ་སོ་བརྒྱད་ཀྱིས་བགྲེས། ཤ་ར་བ་ལྕགས་ཕོ་ཁྱི་ལོ་བ་སྟེ། ས་ཆེན་ལས་ཉེར་གཉིས་ཀྱིས་བགྲེས། བྱ་ཡུལ་བ་གཞོན་ནུ་འོད་ཤིང་མོ་ཡོས་ལོ་པ་སྟེ་ས་ཆེན་ལས་བཅོ་བརྒྱད་ཀྱིས་བགྲེས། བྱ་འཆད་ཀ་བ་ཡེ་ཤེས་རྡོ་རྗེ་ལྕགས་མོ་སྦྲུལ་ལོ་པ་སྟེ་ས་ཆེན་ལས་ལོ་དགུས་གཞོན། སྟབས་ཀ་བ་དར་མ་གྲགས་ཆུ་མོ་ལུག་ལོ་པ་སྟེ་ས་ཆེན་ལས་ལོ་བཅུ་གཅིག་གིས་གཞོན། འོད་འཇོ་བ་གཞོན་ནུ་