[A:༢༦]པ་དུ་མ་དང༌། བཤད་པའི་བརྒྱུད་འཛིན་བྱམས་ཆེན་སྐུ་སྐྱེ་བ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན། གླང་ཐང་སྤྱན་མངའ་བ་ཀུན་དགའ་རྡོ་རྗེ་སྐུ་མཆེད། དྲོ་བ་མཁན་པོ་མཁས་པ་གུང་རུ་བ་ཤེས་རབ་བཟང་པོ། ངམ་རིང་མཁན་པོ་ཀུན་དགའ་གྲུབ་དང༌། མཁས་པ་སངས་རྒྱས་སེང་གེ །མཁན་ཆེན་འཇིགས་མེད་གྲགས་པ། མཁས་མཆོག་དོན་ཡོད་དཔལ་བ། རབ་འབྱམས་པ་ཆེན་པོ་སངས་རྒྱས་འཕེལ། མཁས་པ་ཆེན་པོ་ནམ་མཁའ་བསོད་ནམས། བསྟན་པའི་གསལ་བྱེད་མཁས་པ་གོ་བོ་རབ་འབྱམས་པ་ལ་སོགས་པ་གངས་རིའི་ཁྲོད་ཀྱི་མཁས་པ་མཐའ་དག་ཀྱང་ཉིད་ཀྱི་ཐུགས་རྗེ་ལས་བསྐྲུན་པར་མཛད་ཅིང༌། གཞན་ཡང་མཁས་པ་དང་རྟོགས་པའི་ཡོན་ཏན་སྣ་རེ་ཙམ་དང་ལྡན་པ་ནི་བགྲང་ལས་འདས་པ་ཡིན་ནོ། །བཞི་པ་སྐུ་ཚེའི་མཐར་ངོ་མཚར་བའི་མཛད་པ་བསྟན་པའི་ཚུལ་ནི། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལམ་རིམ་པ་གཉིས་ཀྱི་རྟོགས་པ་མཐར་ཕྱིན་པ་དང༌། དགུང་ལོ་བརྒྱད་ཅུ་གྱ་གཉིས་སུ་ཕེབ་པ་དབྱུག་པ་ཟླ་བའི་ཉི་ཤུ་དྲུག་ཕན་ཆད་བསྡུ་བའི་དངོས་པོ་རྣམ་པ་བཞིས་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས། སྨིན་དྲུག་ཟླ་བ་གཉིས་སུ་བྱས་པའི་སྔ་མའི་ཚེས་གསུམ་གྱི་བར་ཞག་བདུན་ཙམ་ལ་ལྷོ་བྱང་སོགས་ནས་བྱུང་བའི་རབ་བྱུང་བསྙེན་རྫོགས་ཞུ་བ་རྣམས་ལ་སྐུ་གཟུགས་ཀྱིས་གང་ལྕོགས་གནང༌། གཞན་ཆོས་འཕྲོ་ཐམས་ཅད་ཀྱང་རྫོགས་པར་མཛད། ཚེས་གསུམ་གྱི་ཉིན་ད་ནི་བསམ་གཏན་ཕུག་ཏུ་མཚམས་ལ་འགྲོ་གསུངས་ཏེ་ཕེབ། དེའི་ཉིན་གསེར་གྱི་འབུལ་བ་བྱེད་པ་མང་དུ་བྱུང་བ་སྐུ་མདུན་དུ་འདུག་པ་གཟིགས་ཏེ། གསེར་དང་བོང་བ་མཉམ་ཞེས་པའི་རྣལ་འབྱོར་པ་ཙམ་མིན་ཏེ། འོན་ཀྱང་གསེར་དང་གོ་ཁའི་ཐལ་བ་ཕ་གི་ལ་ཁྱད་མེད་