[A:༡༤]གསུམ་སྤྱི་དབང༌། གཟུངས་གྲྭ་ལྔ་ལ་སོགས་པ་བྱ་རྒྱུད་ཀྱི་དབང་དུ་མ་དང༌། དེ་དག་དང་རྗེས་སུ་འབྲེལ་བར་བྱ་བ་སྤྱིའི་རྒྱུད་ཆེན་བཞི་དང༌། སོ་སོའི་རྒྱུད་རྣམས་ཀྱི་དོན་ཕྱོགས་གཅིག་ཏུ་སྟོན་པ་བྱ་རྒྱུད་སྤྱིའི་རྣམ་པར་གཞག་པ་གསན། སྤྱོད་རྒྱུད་ལ་ཨ་ར་པ་ཙ་ན་ལྷ་ལྔ། མི་འཁྲུགས་པ་ལྷ་དགུ་སོགས་ཀྱི་དབང་རྣམས་དང༌། སྤྱོད་རྒྱུད་ཀྱི་རྣམ་གཞག་ཕྱོགས་གཅིག་ཏུ་བསྡུས་པ་སྤྱོད་རྒྱུད་སྤྱིའི་རྣམ་པར་གཞག་པ་དང༌། ཡོ་ག་ལ་རྡོར་དབྱིངས། འཇམ་དཔལ་གསང་ལྡན། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་སོགས་རྣལ་འབྱོར་རྒྱུད་ཀྱི་དབང་དུ་མ་དང༌། པཎྜི་ཏ་དྷརྨཱ་ཕ་ལ་ནས་བརྒྱུད་པའི་ངན་སོང་སྦྱོང་རྒྱུད་ཀྱི་མན་ངག་གི་བཤད་པ་སོགས་མང་དུ་གསན། རྣལ་འབྱོར་བླ་ན་མེད་པའི་ཐབས་ཀྱི་རྒྱུད་ལ་གཤེད་དམར། དགྲ་གདོང་འཇིགས་གསུམ། གསང་བ་འདུས་པ་རིགས་གསུམ་ལ་སོགས་པའི་དབང་དུ་མ་དང༌། དེ་དག་དང་འབྲེལ་བར་གསང་འདུས་རྩ་རྒྱུད། འགྲེལ་ཆེན་སྒྲོན་མ་གསལ་བ་དང་བཅས་པའི་བཤད་པ་དང༌། ནཱ་རོ་པ་ནས་བརྒྱུད་པའི་རྟོག་བདུན་གྱི་མན་ངག་བཤད་པ་རྣམས་དང༌། ཕ་རྒྱུད་ཀྱི་བསྐྱེད་རྫོགས་ཀྱི་མན་ངག་རྣམས་ཡོངས་སུ་རྫོགས་པར་གསན། ཤེས་རབ་ཀྱི་རྒྱུད་ལ། གུར་རིགས་བསྡུས། སམྤུ་ཊ། རྡོར་དབྱིངས། མ་ཧཱ་མཱ་ཡཱ། བདེ་མཆོག་ལཱུ་ནག་དྲིལ་གསུམ། རྡོ་རྗེ་མཁའ་འགྲོ་མ་ལ་སོགས་ཏེ་དབང་རབ་ཏུ་མང་པོ་དང༌། དེ་རྣམས་དང་འབྲེལ་བར་རྣལ་འབྱོར་དབང་ཕྱུག་དང་ཌོམྦི་པ་ནས་བརྒྱུད་པའི་ཀྱེ་རྡོར་རྒྱུད་གསུམ་གྱི་བཤད་པ་བླ་མ་གོང་མའི་ཆོས་སྣ་བཅུ་གསུམ་དང་བཅས་པ་དང༌། ནཱ་རོ་པ་ནས་བརྒྱུད་པའི་བདེ་མཆོག་རྩ་བའི་རྒྱུད་དང༌། རྣལ་འབྱོར་མ་ཀུན་