R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • Pagination (Witness A): ༡༡
[A:༡༡]སོང་བས་གདུལ་བྱ་རྣམས་ཀྱང་ཆོས་ལ་དོན་གཉེར་དང་དཀའ་སྤྱད་ནུས་ཤིང༌། ལོངས་སྤྱོད་གཏོང་ཕོད་ཆེ་བས་གདུལ་བྱའི་རྒྱུད་ལ་རྟེན་འབྲེལ་ཁྱད་པར་ཅན་བསྒྲིག་པའི་ཆེད་དུ་བླ་ཆེན་འབྲོག་མི་སོགས་བླ་མ་གོང་མ་རྣམས་ཀྱིས་ལོངས་སྤྱོད་མང་པོ་འབུལ་བཞེས་མཛད་པ་ཡིན། དེང་སང་བསྟན་པའི་བབས་དང་བསྟུན་པས་གསུང་ངག་ལ་སོགས་པའི་བཀའ་ཆད་ལ་ཁད་དུ་ཉེ་བས་གདུལ་བྱ་སྣོད་ལྡན་བྱུང་ན། ཆོས་བརྡལ་གཏོད་ལྟ་བུ་བྱས་ནས་ཀྱང་བསྟན་པའི་རྒྱུན་ལ་ཕན་དུ་རེ་བྱེད་དགོས་པའི་དུས་སུ་སོང་འདུག་ཅེས་གསུངས་ཏེ། འདི་ནི་གསུང་ངག་རིན་པོ་ཆེ་ལ་སོགས་པའི་བཀའ་སྲོལ་རྣམས་བཟུང་ནས་གདམས་པ་ཆུ་བོའི་རྒྱུན་ལྟར་འཕེལ་བར་མཛད་པའི་རྟེན་འབྲེལ་ཁྱད་པར་ཅན་གཟིགས་པར་སྣང་ངོ༌། །དེ་ནས་ཞལ་ཏའི་ལུགས་བཞིན་བཞུགས་ཏེ། རྟ་ལོའི་དབྱར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཡོངས་སུ་རྫོགས་པ་གསན། ཐུགས་ཉམས་སུ་བཞེས་ཏེ་ཐད་ཀའི་རྟགས་རྣམས་སོ་སོ་ནས་ཇི་ལྟར་བཤད་པ་བཞིན་ཐུགས་ལ་འཁྲུངས་ལ། འདི་ནས་བཟུང་སྟེ་དགུང་ལོ་རེ་བརྒྱད་བཞེས་ཀྱི་བར་མུས་སུ་ཐུགས་དམ་ལ་བཞུགས་པའི་བར་ཅུང་ཟད་མ་གཏོགས། རྗེ་བཙུན་ངོར་པ་ཆེན་པོའི་ཞབས་ཀྱི་པདྨོ་རྟག་ཏུ་ངུ་དང་ཆོས་འཕགས་ལྟ་བུར་འབྲལ་བ་མེད་པར་བསྟེན་ནས་གསུང་ངག་རིན་པོ་ཆེའི་ཉམས་ཁྲིད་ཡོངས་སུ་རྫོགས་པ་ལན་གསུམ་གྱི་བར་དུ་ཆ་ལག་དང་བཅས་པ་བུམ་པ་གང་འབྱོའི་ཚུལ་དུ་གསན་ཏེ། དེའང་རྣལ་འབྱོར་དབང་ཕྱུག་བིརྺ་པས་གྲུབ་ཆེན་ནག་པོ་པ་ལ་རྗེས་སུ་གདམས་ཏེ་ཞང་དགོན་པ་བ་ལས་བརྒྱུད་པ་རིང་བརྒྱུད་དུ་གྲགས་པའི་གླེགས་བམ་གྱི་དཀར་ཆག་ཏུ་ཐེབ་པ་ཚད་མ་བཞིའི་སྒོ་ནས་སྟོན་