R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༣༣
[A:༤༣༣]འབྲིང་མཚམས་ཀྱི་ཅོག་རོ་ཞེས་བྱ་བ་ཡིན་ལ། ཡབ་མེས་གོང་མ་རྣམས་འབྲིང་མཚམས་ནས་ས་སྐྱ་ཕྱོགས་སུ་བྱོན་ཏེ། ག་ར་ལ་སོགས་པར་འབྲོག་མཛད་ཅིང་བཞུགས་པ་ལས་རིམ་གྱིས་བདག་ཆེན་གཞི་ཐོག་པའི་གསོལ་ཇ་བར་གྱུར་པ་ཡིན་ལ། ཁྱད་པར་རྗེ་འདི་ཉིད་ཀྱི་ཡབ་ནི་ས་སྐྱ་ཚོགས་ཀྱི་ཉེ་གནས་ཆེན་པོ། དཔོན་ཚང་གྲུབ་པ་ཡོན་ཏན་ཞེས་བྱ་བ་ཡིན་ཞིང༌། ཡུམ་ནི་བླ་བྲང་རིན་ཆེན་སྒང་པའི་དཔོན་སྐྱ་ཤབས་སྨད་ཀྱི་དཔོན་སེང་ཞེས་བྱ་བའི་སྲས་མོ་བསོད་ནམས་དཔལ་འདྲེན་བྱ་བ་ཡིན་ནོ། །ཡུམ་གྱི་ལྷུམས་སུ་ཞུགས་པའི་ཚེ་སྐྱེས་བུ་དམ་པ་ཡུམ་གྱི་ལྷུམས་སུ་ཞུགས་པའི་མཚན་ལྟས་དང་ལྡན་པར་གྱུར་ཅིང༌། དེའི་ཚེ་བྲང་ཁང་བྱི་ཁུང་སྒོ་ན་བཞུགས་པའི་དགེ་སློང་ཚུལ་བཀྲས་ཞེས་བྱ་བ་ཞིག་ཡོད་པ་ན་རེ། ཡུམ་ལ་ཁྱེད་ཀྱི་ལྷུམས་ན་བཞུགས་པ་འདི་ལ་སྐྱེས་བུ་དམ་པ་ཅིག་འབྱོན་པར་འདུག་པས་བར་ཆད་ཀྱི་དབང་དུ་མ་ཤོར་བ་མཛོད་ཅིག་ཅེས་ལུང་བསྟན་མཛད་དོ། །དགེ་སློང་དེ་ཡང་གང་ཟག་བཟང་པོ་ཞིག་ཡིན་ཏེ། ཁོང་སྐུ་གཤེགས་པའི་ཚེ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་གཤེགས་སོ་ཞེས་གྲག་གོ །དེ་ནས་ཁོང་གི་གསུང་བཞིན་མཛད་པར་དགོངས་ཏེ། སྔར་ཡབ་མེས་གོང་མ་རྣམས་འབྲོག་མཛད་པའི་ཚེ་དགེ་བའི་བཤེས་གཉེན་སྲོན་པ་རྣམས་དང་དཔོན་སློབ་དང་ཡོན་མཆོད་ཀྱི་འབྲེལ་ཟབ་པས་དེའི་དུས་ན་སྲོན་པའི་གདན་ས་བ་བླ་མ་ཡོན་ཏན་དཔལ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ལ་མངའ་བརྙེས་པ་ཅིག་ཡོད་པ་གདན་དྲངས་ཏེ། ཡུམ་གྱིས་འཇིགས་བྱེད་དང་ཚེ་དཔག་མེད་ཀྱི་དབང་ལན་མང་དུ་ཞུས་སོ། །དེ་ནས་ཆུ་ཕོ་ཁྱིའི་ལོ་ལ་སྐུ་བལྟམས་པའི་ཚེ་བླ་མ་དེ་ཉིད་སྤྱན་དྲངས་ཏེ། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་ཞུས་ནས་མཚན་ཡང་འཇིགས་བྱེད་བཟང་པོ་ཞེས་བཏགས་སོ། །རྗེ་རིན་པོ་ཆེ་འདི་ཉིད་ནི། བྱིས་པ་ཆུང་ཆུང་ནས་ཐ་མལ་གྱི་བྱིས་པའི་སྤྱོད་པ་ལས་འདས་པ་ཞིག་སྟེ། དགུང་ལོ་གསུམ་བཞི་ཙམ་བཞེས་པའི་དུས་སུ། འཕྲལ་གྱི་རྩེད་མོའི་རྣམ་པ་མཛད་པ་ཀུན་ཆོས་འཆད་པ་དང༌། ཉན་པ་དང༌། བཅོམ་ལྡན་འདས་རི་ཁྲོད་