R78: བླ་མ་དམ་པ་དཔལ་ལྡན་ཚུལ་ཁྲིམས་པའི་རྣམ་ཐར།

  • Pagination (Witness A): ༤༡༢
[A:༤༡༢]གྲ་ལྔའི་དཀྱིལ་ཆོག་ལ་སོགས་པ་དང༌། པུ་ཊ་མིང་སྲིང་གི་གཏོར་ཆོག་ལ་སོགས་པ་མང་པོ་མཛད་དོ། །ཕྱག་རྫས་ཀྱི་དངོས་པོ་ཕྱག་ཏུ་བྱུང་བ་ཀུན་ཀྱང༌། བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པར་བྱ་བའི་ཆེད་དུ་དུས་མཆོད། ཟླ་མཆོད་མ་ཆགས་པར་མཛད་པ་དང༌། དཀོན་མཆོག་མཆོད་པ། དགེ་འདུན་གྱི་བསྙེན་བཀུར། བཀྲེན་ཅིང་ཕོངས་པ་ལ་སྟེར་སྦྱིན། སྒྲུབ་མཆོད། གཟུངས་སྔགས། གསུང་རབ་ཀློག་པ། སྐུ་གསུང་ཐུགས་ཀྱི་རྟེན་གསུམ་བཞེངས་པ་ལ་སོགས་པ་དོན་ཅན་དགེ་བའི་ཕྱོགས་འབའ་ཞིག་ཏུ་ཕོངས་པ་མེད་པར་གཏོང་བར་མཛད་པས་འཛིན་ཆགས་མི་མངའ་ཞིང་བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་ཚུལ་བཞིན་དུ་སྐྱོང་བས་ངོ་མཚར་བའི་རྣམ་པར་ཐར་པ་ཡིན་ནོ། །བདེ་བར་མ་གཤེགས་པའི་ལོ་གཅིག་ཙམ་གྱི་གོང་ནས་ཞལ་ཆེམས་ཀྱི་ཡི་གེ་མཛད་ཅིང༌། བྱང་ཆུབ་རྫོང་འདི་ཆོས་རྗེ་རིན་པོ་ཆེ་དང༌། རི་ཁྲོད་པ་གཉི་གའི་གཟིམས་ཁང་ཡིན། དྲུང་པ་དཔོན་སློབ་ཀྱང་ཐུགས་ཞེན་ཆེན་པོ་རང་ཡོད་པས། འདི་རུ་ཇག་ཁྱེར་ཞུགས་ནས་བླ་མའི་མཚན་དང༌། སེམས་ཅན་ལ་གནོད་པ་འདུག་པས། འདི་ལ་གད་ནས་པ་དགའ་མོ་ཅིག་བྱས། དགེ་སྦྱོར་བ་ཁོ་ན་སྡོད་ས་ཅིག་དགོས་པ་འདུག་གསུངས་ནས་དེ་ཚོའི་ཞལ་ཏ་མཛད་པ་དང༌། ཚ་མོ་རོང་ཕྱོགས་ཀྱི་བུ་སློབ་རྣམས་ལ་ཡང་སྔར་གྱི་ཆོས་འཕྲོ་མ་རྫོགས་པ་རྣམས་མཛད་གསུངས་ནས་བྱོན་ཅིང་བུ་སློབ་རྣམས་ཀྱི་རྒྱུད་ཚིམ་པར་མཛད། གཞན་ཡང་གདུལ་བྱ་སོ་སོའི་ཆོས་འཕྲོ་མ་རྫོགས་པ་ཕལ་ཆེར་རྫོགས་པར་མཛད་ཅིང༌། གསུང་ངག་ཅུང་མ་རྫོགས་པ་འགའ་ཞིག་ལ་སྔར་གྱི་འཕྲོ་རྣམས་སློབ་དཔོན་ཆེན་པོ་ཡེ་ཤེས་རྒྱལ་མཚན་པ་དང༌། སློབ་དཔོན་བུདྡྷ་ཤྲཱི་གཉིས་ལ་ཞུས་གསུངས་པ་ལ་སོགས་པའི་ཞལ་ཏ་མཛད་དེ། དགུང་ལོ་དྲུག་ཅུ་རྩ་བདུན་བཞེས་པ་ན། སྐུ་ཁམས་ཅུང་བསྙེལ་བ་ཞིག་བྱུང་ནས། ད་ལན་ཕལ་ཆེར་འགྲོ་བ་འདྲ་ནའང་འཆི་བ་དེ་འདི་ཀ་རང་ཡིན་པས་ཤིན་ཏུ་ལེགས་གསུངས་ནས། དཔལ་ལྡན་ས་སྐྱའི་ཤར་སྟོད་ཀྱི་གཟིམས་ཁང་དུ། བླ་མ་དཔོན་པོས་གཙོ་མཛད་དྲུང་ན་གནས་པ་རྣམས་ལ་ཆོས་དང་མཐུན་