[A:༤༨ན]པ། །མཚན་བརྗོད་བཤད་པ་ལུགས་རྣམ་གཉིས། །དེ་ལ་སོགས་པ་མང་པོ་ཞིག །བདག་ཉིད་ཆེན་པོ་གཉིས་ཀ་ལས། །ཡང་ནས་ཡང་དུ་ལན་མང་ཐོས། །གསང་བ་ནོར་བུའི་ཐིག་ལེ་དང་། །རྡོ་རྗེ་ས་འོག་གསང་བ་རྒྱན། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། །འདི་རྣམས་བོད་དུ་སྔོན་མ་འགྱུར། །བདག་གིས་སུ་ག་ཤྲཱི་ལས། །ཐོས་ནས་བསྒྱུར་ཞིང་གཏན་ལ་ཕབ། །ཅེས་བཤད་ཅིང་། གསན་ཡིག་ཞིབ་པར་དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་ལྷོ་པ་ཀུན་མཁྱེན་རིན་ཆེན་དཔལ་གྱིས་མཛད་པའི་རྣམ་པར་ཐར་པ་ལས་ཤེས་པར་བྱའོ། །གཉིས་པ་འབྲས་དུས་སུ་རིག་པའི་གནས་ལྔ་མཁྱེན་པའི་རྣམ་པར་ཐར་པ་ལ་གཉིས་ཏེ། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་རྣམ་པར་ཐར་པ་དང་། ཇི་ལྟ་བ་མཁྱེན་པའི་རྣམ་པར་ཐར་པའོ། །དང་པོ་ནི། བདག་ཉིད་ཆེན་པོ་འདིས་ནི་སྐུ་ཚེ་དཔག་ཏུ་མེད་པའི་སྔོན་དུ་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་དམ་པ་མང་དུ་བསྟེན་ནས། ཤེས་བྱ་ཀུན་ལ་ལེགས་པར་སྦྱངས་པས་སྐུ་ཚེ་འདིར་རང་གི་ངང་གིས་འཇུག་པའི་མཁྱེན་རབ་ཕུལ་དུ་བྱུང་བ་དང་། སྐུ་ཚེ་འདིར་མཁས་པ་དུ་མ་བསྟེན་ཅིང་ལེགས་པར་སྦྱངས་པ་དང་། ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་བས་ཤེས་བྱ་ཀུན་ལ་ཐོགས་པ་མེད་པའི་མཁྱེན་པ་མངའ་ཞིང་། སྔར་སྨོས་པའི་ཆོས་ཀྱི་རྣམ་གྲངས་དེ་དག་ཀྱང་ཕལ་ཆེར་ནི་ལན་རེ་དང་། ཤིན་ཏུ་དཀའ་བ་རྣམས་ཀྱང་ཟུང་རེ་གསན་པས་མཁྱེན་པ་ཡིན་ཏེ། ཉིད་ཀྱི་གསུང་ལས། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་ང་། །དུས་སྦྱོར་ངས་