R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༣བ
[A:༣བ]ཞེས་བྱ་བ་འདི་འཆད་པ་ལ་དོན་ལྔ་སྟེ། འོད་གསལ་ལྷའི་གདུང་རབས་བཤད་པ། དྲི་མེད་འཁོན་གྱི་གདུང་རབས་བཤད་པ། ལྷ་རིགས་འཁོན་ས་སྐྱ་པའི་གདུང་རབས་བཤད་པ། དེ་ལས་གྱེས་པའི་བླ་བྲང་རྣམ་བཞིའི་གདུང་རབས་བཤད་པ། སྐབས་སུ་བབས་པའི་དོན་གཞན་བཤད་པའོ། །དེའི་དང་པོ་འོད་གསལ་ལྷའི་གདུང་རབས་བཤད་པ་ལ་ཡང་ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། །མཁས་པའི་དབང་པོ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་ས་སྐྱ་པའི་གདུང་རབས་ཡ་རབས་ཁ་རྒྱན་ལས། །འཇམ་དབྱངས་སྤྲུལ་པ་དཔལ་ལྡན་ས་སྐྱ་པའི། །གདུང་གི་ཐོག་མ་འོད་གསལ་ལྷ་ཡུལ་དུ། །སྤྱི་རིང་གཡུ་རིང་གཡུ་སེ་མཆེད་གསུམ་བྱོན། །གཡུ་སེས་མི་རྗེ་མཛད་ནས་སྲས་བཞི་བསྐྲུན། །དེ་ཡི་གྲོགས་སུ་གཅེན་པོ་གཡུ་རིང་བྱོན། །གཡུ་རིང་དང་ནི་དམུ་བཟའ་ལྡེམ་བུའི་སྲས། །མ་བཟང་སྤུན་བདུད་བྱོན་པའི་གཅེན་པོ་དྲུག །ཡབ་དང་བཅས་པ་ལྷ་ཡི་ཡུལ་དུ་གཤེགས། །བདུན་གྱི་ཐ་ཆུང་མ་བཟང་སྤྱི་རྗེ་དང་། །ཐོག་ལྕམ་འུར་མོའི་སྲས་ནི་དཔའ་བོ་སྟག །དེ་དང་ཀླུ་ལྕམ་བྲ་མ་གཉིས་ཀྱི་སྲས། །ཀླུ་ཚ་སྟག་པོ་འོད་ཅན་ཞེས་པ་བྱུང་། །ཀླུ་ཚ་དང་ནི་མོན་བཟའ་མཚོ་མོ་རྒྱལ། །ལྷན་ཅིག་བཞུགས་པའི་རིགས་སྲས་གཡའ་སྤང་གི །མཚམས་སུ་འཁྲུངས་པས་མཚན་ཡང་གཡའ་སྤང་སྐྱེས། །ཞེས་གྲགས་གཞན་གྱིས་མི་ཐུབ་དཔའ་བོ་བྱོན། །ཞེས་སོ། །གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ། དེ་ལ་སྤྱིར་བོད་ཁ་བ་ཅན་གྱི་ལྗོངས་འདིར་རིགས་གསུམ་མགོན་པོའི་རྣམ་སྤྲུལ་ཆོས་རྒྱལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱལ་བའི་བསྟན་པ་སྔར་མེད་གསར་དུ་བཙུགས། གཙང་གཡོ་དམར་གསུམ། བླ་ཆེན་མཁན་བརྒྱུད་རྣམས་ཀྱིས་སྔར་ཡོད་ཉམས་པ་གསོས། ལྷ་བཙུན་ཁུ་དབོན། ཇོ་བོ་ཡབ་སྲས། འབྲོག་འགོས་མར་གསུམ། པ་ཚབ་རྔོག་ཁྱུང་། ར་འབྲོ་ལ་སོགས་པས་ཤིན་ཏུ་དར་བ་མཛད་མོད་ཀྱི། ཕལ་ཆེར་མདོ་དང་སྔགས་ཀྱི་ཕྱོགས་རེ་བ་ཙམ་དུ་ཟད་ལ། དུས་ཕྱིས་རྒྱལ་བ་ཐམས་ཅད་ཀྱི་ཡེ་ཤེས་གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་པའི་དབྱངས་ཉིད་འཁོན་གྱི་གདུང་བརྒྱུད་ཀྱི་ཚུལ་བཟུང་ནས། ཕྱི་ནང་མདོ་སྔགས་བཤད་སྒྲུབ་ཀྱི་བསྟན་པ་མཐའ་དག་འཛིན་སྐྱོང་སྤེལ་གསུམ་གྱི་སྒོ་ནས་ཆེས་ཤིན་ཏུ་རྒྱས་པར་མཛད་དེ། ཤར་ཕྱོགས་རྒྱ་མཚོའི་མཐས་གཏུགས་པའི་འཛམ་གླིང་བྱང་ཕྱོགས་ཀྱི་སྐྱེ་དགུ་ཐམས་ཅད་ཆོས་དང་ཟང་ཟིང་གི་དཔལ་འབྱོར་བཟང་པོས་ལེགས་པར་བསྐྱངས་པ་ནི་ངོ་མཚར་ཞིང་བཀའ་དྲིན་ཤིན་ཏུ་ཆེ་བར་གྱུར་པ་ཡིན་པས། དེ་ལྟ་བུའི་སྐྱེས་བུ་བཟང་པོ་རིམ་པར་བྱོན་པ་དེ་རྣམས་ཀྱི་བྱོན་ཚུལ་དང་། རྣམ་པར་ཐར་པ་འཆད་པ་དང་ཉན་པ་ལ་འབད་པར་བྱ་བ་ནི་དོན་ཆེན་པོ་དང་ལྡན་པ་ཉིད་དུ་རིག་པར་བྱའོ། །དེ་ལ་འདིའི་རིགས་ནི་བོད་དུ་བྲམ་ཟེའི་རིགས་སུ་གསལ་བ་མ་བྱུང་བས། རྒྱལ་རིགས། རྗེའུ་རིགས། དམངས་རིགས་གསུམ་ལས། ཞང་བློན་རྗེའུ་རིགས་ཡིན་ཏེ། འདི་ཉིད་ཀྱི་མིའི་གདུང་རབས་ཀྱི་ཐོག་མ་དཀོན་པ་རྗེ་གུང་སྟག་ཏུ་གྲགས་པ་དེ་ཉིད་ནས་འཛིན་པར་བཤད་པའི་ཕྱིར་རོ། །རུས་ནི་བོད་ཀྱི་རུས་ཆེན་བཞི་དང་། མིའུ་རིགས་དྲུག་ཏུ་གྲགས་པ་སོགས་ལས་ཆད་པ་མ་ཡིན་གྱི། གདུང་རུས་གཙང་མ་ལྷ་ལས་བབས་པ་ཡིན་ཏེ། དེ་ཡང་ངེས་པའི་དོན་དུ་འཇམ་