R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༧༧ན
[A:༢༧༧ན]གི་ཆར་ཆེན་པོ་ཕབ་པ་དང་། འཇའ་འོད་ཀྱི་གུར་ཕུབ་པ་ལ་སོགས་པ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་བཀྲ་ཤིས་དང་བྱིན་རླབས་ཀྱི་གཟི་འོད་འབར་བར་བཞུགས་ཏེ། སླར་ཡང་སྲིད་པ་ཇི་སྲིད་པ་དེ་སྲིང་དུ་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ་རིམ་པར་བྱོན་ཏེ། གདུལ་བྱ་གང་ལ་ཅི་འདུལ་གྱི་རྣམ་པར་བསྟན་ནས་ཕྲིན་ལས་རྒྱུན་མི་ཆད་ཅིང་ལྷུན་གྱིས་གྲུབ་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིག་པ་ཡིན་ནོ། །དེ་ལྟར་སྐུ་གདུང་རིན་པོ་ཆེ་དེ་ཉིད་མི་ལོ་ཉི་ཤུའི་བར་དུ་རིལ་པོར་བཞུགས་ཤིང་། དེ་ནས་སྔོན་འཇམ་པའི་དབྱངས་སྐུ་མཆེད་ལ་སྔགས་འཆང་ཉིད་ཀྱི་གསུང་ལས། བླ་མ་དགེ་བའི་བཤེས་གཉེན་གྱི་པུར་རིལ་པོ་ཡུན་རིང་འཇོག་པ་འདི་ལེགས་རྒྱུ་མེད་དེ། མ་འོངས་པ་བསྟན་པ་ཉམས་པའི་དུས་སུ་བླ་མའི་པུར་སྲང་བར་གྱི་ཁྱི་སོགས་ཀྱི་ཟས་སུ་འགྲོ་བ་ཡང་སྲིད་པས། ངེད་ཀྱི་རུས་བུ་འདི་དང་ཚོ་ནི་མྱུར་དུ་བཞུ་བ་གལ་ཆེའོ་ཞེས་ཡང་ཡང་གསུང་བ་ཞིག་ཡོད་པ་གདུང་སྲས་སྐུ་མཆེད་གཉིས་ཀྱི་ཐུགས་དཀྱིལ་དུ་བཅངས་ནས། ཤིང་ཕོ་འབྲུག་གི་ལོ་ཤར་བ་ན་སྐུ་གདུང་རིན་པོ་ཆེ་བཞུ་ལ་ཕུལ་ཏེ། གདུང་ཚ་རྣམས་དངུལ་གདུང་རིན་པོ་ཆེ་དེ་ཉིད་དུ་བཞུགས་སུ་གསོལ་ཞིང་། དེ་དང་དུས་མཚུངས་པར་སེམས་དཔའ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་བདག་ཉིད་ཆེན་པོའི་དགོངས་པ་རྫོགས་ཐབས་སུ་རིགས་འཛིན་བླ་མ་བརྒྱུད་པའི་གཙུག་ལག་ཁང་གསར་བཞེངས་མཛད་པ་དེའི་རྟེན་གྱི་གཙོ་བོ་ལ་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ནང་རྟེན་དངུལ་གདུང་ཡིད་བཞིན་གྱི་ནོར་བུ་དེ་ཉིད་སྤྱན་དྲངས་ཏེ། དེང་སང་གི་བར་དུ་འགྲོ་བ་རྣམས་ཀྱི་མཆོད་པའི་