R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༢༤ན
[A:༢༢༤ན]དཔལ་བཟང་པོ་ཞེས་གྲགས་པ་དེས་བཙུན་མོ་གསུམ་ཁབ་ཏུ་བཞེས་པ་ལས། ཤངས་མཐོང་སྨོན་པ་མ་གཅིག་བགྲེས་གཞོན་གཉིས་ཀྱི། བགྲེས་པ་ལ་སྲས་མོ་གཅིག་དང་། ཆུང་བ་མ་གཅིག་རྒྱལ་མོ་བྱ་བ་ལ། སྲས་ནམ་མཁའ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ། ཡབ་དགུང་ལོ་བཅུ་དགུ་པ་ཆུ་མོ་བྱའི་ལོ་ལྟས་བཟང་པོ་དང་བཅས་སྐུ་བལྟམས་ཏེ། སྐྱེས་སྟོབས་ཀྱི་མཁྱེན་རབ་དང་སྦྱོར་བྱུང་གི་བརྩོན་འགྲུས་གཉིས་ཀ་ཕུན་སུམ་ཚོགས་པས། གཞོན་ནུ་ཉིད་ནས་ཀྱེ་རྡོར་དང་རྡོ་རྗེ་ཕུར་པའི་ཐུགས་དམ། སྔགས་རིང་མང་པོའི་བཟླས་བརྗོད་སོགས་ལ་ཤིན་ཏུ་བརྩོན་ཞིང་། རྩ་བའི་རྒྱུད་བརྟག་པ་གཉིས་པ་ལ་གསན་སྦྱོང་ཕུལ་དུ་ཕྱིན་པ་མཛད་དེ། བྱིས་པའི་སྤྱོད་པ་ཅུང་ཟད་ཀྱང་མི་མངའ་བར། དགུང་ལོ་བཅོ་ལྔའི་དུས་སུ་གཅུང་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དང་སྐུ་མཆེད་ལྷན་ཅིག་ཏུ་གདན་ས་ཆེན་པོར་ཉི་མ་སུམ་སྦྲེལ་དུ་བཤད་པ་རྒྱས་པ་དགའ་སྟོན་རྒྱ་ཆེན་པོ་དང་བཅས་པ་མཛད་པས། གདན་སའི་སྐྱེ་བོ་ཐམས་ཅད་ཡི་རངས་ཏེ་གདུང་བརྒྱུད་ཀྱིས་ཆོས་གསུངས་པ་ལ་འདི་ལས་ལྷག་པ་དུས་ཕྱིས་ཀྱི་རྒན་རྣམས་ཀྱིས་ཀྱང་མི་དྲན་ཟེར་བ་ལ་སོགས་པ་ངོ་མཚར་མཆོག་ཏུ་འཛིན་པ་བྱུང་བར་གྲགས་པ་ཡིན་ལ། ནམ་མཁའ་བཀྲ་ཤིས། བདག་ཉིད་ཆེན་པོ་འདིས་གཅུང་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་ནི། དབང་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོའི་བཙུན་མོ་གསུམ་པ་རྣམ་རྒྱལ་གླིང་པ་དཔལ་འབྱོར་བཟང་མོ་ལ། ཡབ་དགུང་ལོ་ཉེར་བཞི་པ་ས་ཕོ་སྟག་གི་ལོ་འཁྲུངས་ཏེ། འཁྲུངས་མ་ཐག་ནས་བྱིས་པའི་སྤྱོད་པ་ཐམས་ཅད་དང་བྲལ་ཞིང་ཐུགས་ལ་ཁྲོ་བ་སྐད་ཅིག་