R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༢༡༤ན
[A:༢༡༤ན]ཁམས་ཕྱོགས་ཀྱི་ས་སྐྱ་པའི་དགོན་ཆེ་ཆུང་། གྲྭ་བུ་སློབ་ཡོན་བདག་དང་བཅས་པ་འདི་རྣམས་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ངེད་རང་ས་སྐྱ་པའི་གྲུབ་མཐའ་འདྲེས་མེད་སྐྱོང་བ་ཞིག་མ་བྱུང་ན་བསྟན་པ་མཐའ་ནས་འཁུམ་པ་ཞིག་བྱུང་དོགས། དེ་ཉིད་མི་འབྱུང་བའི་ཕྱིར་འདབ་འདོབ་འདིར་ས་སྐྱ་པའི་གདུང་བརྒྱུད་རྒྱུན་མ་ཆད་པར་འབྱོན་པ་ཞིག་མི་དགོས་ཁ་མེད་ཡོད་པར་བརྟེན། བདག་ཆེན་ཀུན་དགའ་ལེགས་པ་རང་ནི་གཞོན་ནུ་རབ་བྱུང་གཙང་མ་ཡིན་པ་ནས་གདུང་སྤེལ་སོགས་གནང་སྟབས་མ་བདེ་བས། དེས་ན་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གདུང་སྲས་སྐུ་མཆེད་གང་རིགས་ཤིག་འདབ་འདོབ་སོགས་ཁམས་ཀྱི་ས་སྐྱ་པའི་སྡེ་དགོན་པ་བསྟན་པ་དང་བཅས་པའི་ཞལ་བདག་མཛད་པར་ཕེབས་དགོས་ཤིང་། དེ་བཞིན་མ་གནང་ན་ཕུགས་ཡུལ་རང་རེ་ས་སྐྱ་པའི་ཁམས་ཕྱོགས་ཀྱི་དགོན་ཆེ་ཆུང་། གྲྭ་པ་སྦྱིན་བདག་སོགས་ཐམས་ཅད་གཞན་ཕྱོགས་ཀྱི་གྲུབ་མཐའ་འཛིན་པ་སྟོབས་ལྡན་འགའ་ཞིག་གི་རྗེས་སུ་འབྲངས་ནས་ཐམས་ཅད་འགྱུར་ཏེ། རང་རེ་ས་སྐྱ་པའི་ཁམས་ཕྱོགས་ཀྱི་བསྟན་པ་མིང་མེད་དུ་སོང་བ་ཞིག་བྱུང་དོགས་འདུག་པས། ཁྱེད་ཉན་དགོངས་པའི་ངེད་འདབ་འདོབ་པ་དཔོན་སློབ་ཐུགས་རྩ་ནས་མ་དོར་བ་ཞིག་ཅིས་ཀྱང་ཞུ་ཞེས་པའི་ལན་དུ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དེ་ཉིད་ཀྱིས་བདག་ཆེན་འདི་པ་དཔོན་སློབ་རྣམས་ལ་ཐུགས་དམ་གསུང་ཤོག་མ་བུ་འདི་བཞིན་གནང་བ་ཡིན་ཏེ། སློབ་དཔོན་ཆེན་པོ་ཀུན་དགའ་ལེགས་པའི་དྲུང་ཁྱེད་སྐུ་ཁམས་སྙོམས་ཤིང་འགྲོ་ཕན་རྒྱ་ཆེན་པོས་རྣམ་དཀར་གྱི་མཛད་པ་གོང་འཕེལ་གྱི་ངང་