R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༨༧བ
[A:༡༨༧བ]བའི་འཆམས་གདངས་བྱས་པ་ན། ཁའུའི་ལུང་པ་ཐམས་ཅད་འདར་ལིང་ལིང་འོང་གིན་འདུག་གསུང་བ་དང་། སྐྱེད་ལྷས་རྒྱལ་པོ་འདི་མགོན་པོའི་འཁོར་གྱི་རུ་འདྲེན་ཅིག་ཡིན་པ་འདྲ། ལྷ་འདྲེ་གཞན་འདི་ཚོ་སྐྱེད་ལྷས་མགོན་ཁང་གི་ནང་དུ་ཡེ་ཡོང་མི་ནུས་འདུག་ནའང་། འདི་ཐལ་མར་ཡོང་གིན་འདུག་གསུང་བ་དང་། སྐྱེད་ལྷས་ཀྱི་ཤིང་ཕུང་རེ་རེའི་རྩ་བ་ནའང་མགོན་པོའི་འཁོར་དུ་གཏོགས་པའི་ལྷ་འདྲེ་གདུག་པ་ཅན་རེ་རེ་གནས་པ་ཡིན་གསུང་བ་སོགས་འོད་གསལ་གྱི་ངང་ནས་ཐམས་ཅད་ཐོགས་མེད་དུ་གཟིགས་ཤིང་། ཡང་ལན་ཅིག་སྐྱེད་ལྷས་མགོན་ཁང་དུ་སྐུ་མཚམས་བདུན་ཕྲག་གཅིག་མཛད་པ་ན། ཡུམ་ཆེན་བཞི་ཁྲག་གི་རལ་པ་ཤིན་ཏུ་རིང་བ་དང་བཅས་ཕེབས་ནས་གཏང་རག་དགོས་ཟེར་ཡུས་པའི་ཚུལ་གྱིས་རལ་པ་སྤྲུགས་པའི་ཁྲག་གི་ཟེགས་མ་རྗེ་རང་གི་སྐུ་ལ་ཡང་ཐོར་ཐོར་ཡོང་བ་དང་། དེ་ནས་མ་ཚད་ན་བྱད་མ་མགོ་ལ་གསེར་གྱི་དབུ་རྒྱན་གོན་པ། བྱད་མདངས་མེད་ཅིང་ཅུང་ཟད་སེར་བ། ངོ་ནོངས་པའི་ཚུལ་གྱིས་འདུག་པ་གཟིགས་པ་དང་། ཡང་གལ་ཆེ་བ་ཅིག་གི་ཚེ་མགོན་པོ་འཁོར་བཅས་ལས་ལ་བསྐུལ་བ་ན། ལས་དེ་མཐར་ཕྱིན་པར་གྲུབ་པའི་ཚེ་རྗེའི་གཟིགས་སྣང་ལ། ལུང་པ་ཤིན་ཏུ་ཡངས་པ་ཅིག་གི་དཀྱིལ་ན་ཚུར་མགོན་པོ་ཉིད་མི་དཔོན་ཆེན་པོའི་ཚུལ་གྱིས་རྟ་ནག་པོ་གཅིག་ལ་ཆིབས། ཕྱག་གཡས་པས་མདུང་བསྐོར་མཛད་ཀྱིན་མདུན་མ་ལེན་ན་འདི་བཞིན་ལེན་པ་ཡིན་གསུངས་ནས་ཞལ་ཕོ་འདོན་པའི་རྣམ་པ་མཛད་ཅིང་འབྱོན་པ་གཟིགས་པ་དང་། ཡང་སྐྱེད་ལྷས་སུ་སྐུ་མཚམས་དམ་པར་མཛད་པའི་སྐབས་ཤིག་ན། འབྱུང་པོ་ཆེན་པོ་དགེ་བཤེས་ཀྱི་ཆས་སུ་བྱས་སྣམ་སྦྱར་བེར་ཐུལ་