R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༧༡བ
[A:༡༧༡བ]མི་འདྲ་བའི་ཁྱད་པར་རོལ་མོའི་སྒྲ་བསམ་གྱིས་མི་ཁྱབ་ཅིང་ཡིད་འཕྲོག་པར་བྱེད་པ། བལ་པོའི་རོལ་མོས་ཀྱང་བརྒྱའི་ཆར་ཡང་ཉེ་བར་མི་ཕོད་པ་ཅིག་འདུག་ཅིང་། དེ་ད་དུང་ལྷང་ལྷང་འདུག་གསུངས་པ་དང་། དེར་དགེ་བཤེས་རྒྱལ་བཟང་གི་རྣམ་རྟོག་ལ་དེ་རང་བཟང་རྒྱུ་མེད་སྙམ་བློ་ཤིན་ཏུ་མ་བདེ་ནས། ཁ་རྩང་ནས་སྐུ་ལ་ཡར་སྐྱེད་དུ་མངོན་པའང་ཡེ་མ་བྱུང་། འཚོ་བྱེད་མཁས་པ་ཞིག་བོས་ཏེ་གསོལ་སྨན་འདྲ་ཞུ་བ་དང་། སྐུ་རིམ་མ་ཆུང་ཙམ་ཅིག་ཀྱང་བསྒྲུབ་པའི་ཞལ་ཏ་གནང་བ་ཞུ་ཞུས་པས། རྗེའི་ཞལ་ནས་དྭང་ཁ་མི་བདེ་བས་ཤེད་ཆུང་ཙམ་མ་གཏོགས། ལུས་ལ་ན་ཚ་མེད་ཅིང་སེམས་ལྷག་པར་བདེ། དགེ་སྦྱོར་ཡང་འཕེལ་བར་བྱུང་བས་ཤིན་ཏུ་སྐྱིད་པར་བྱུང་། ཁ་སིང་དུ་འདུན་པ་བཏང་ཚར་ཞིང་ཁས་བླངས་ཀ་འདྲ་ཅིག་བྱས་པ་དེའང་རྟེན་འབྲེལ་དུ་སོང་བ་ཡིན་འདུག་པས། སྨན་དཔྱད་དང་རིམ་གྲོ་བྱས་ཀྱང་མི་ཕན། ཁྱོད་ཅུང་བློ་ཐུབ་པས་ལབ་པ་ཡིན། གཞན་ལ་མ་ལབ་སོ་སོད་པ་རང་དགེ་སྦྱོར་འཕེལ་བ་ཡོང་གིན་འདུག་པས། སུས་ཀྱང་མི་ཚོར་བའི་ས་འགོལ་བ་ཅིག་ཏུ་རང་རེ་གསུམ་ཙམ་ཞིག་ཕྱིན་ཏེ་མ་ཚོར་བ་བསྡད་ན་རང་འཐད་པ་འདུག་སྟེ་མི་ཉན་ཡོང་གསུངས། དེར་དགེ་བཤེས་པས་དེ་བཞིན་མཛད་ན་བདག་ཅག་རྣམས་ལ་ཁ་ཅག་ཆེན་པོ་མཆི་བས། ཅིས་ཀྱང་གསོལ་སྨན་དང་སྐུ་རིམ་ཐུགས་ལ་འདོགས་པར་ཞུ་ཞུས་ཤིང་། སྤྱིར་ཡང་ལོ་འདི་ལ་ཕྱོགས་ཀུན་གྱི་མོ་དང་། རྩིས་དང་། ལྟས་མཁན་དང་། རྨི་ལྟས་དང་། པྲ་ལ་སོགས་པ་ཐམས་ཅད་ལ་བོད་ཀྱི་གཙུག་གི་རྒྱན་དུ་གྱུར་པའི་ས་སྐྱ་འཁོན་གྱི་གདུང་བརྒྱུད་གཅིག་ལ་ད་ལོ་དོག་ཆ་ཆེན་པོ་ཡོད། ཆོས་རྗེ་ཉིད་ཡིན་ནམ་མིན་ནམ་