R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༡བ
[A:༡༥༡བ]ཞེས་བྱ་བ་ལ་སློབ་དཔོན་ཆེན་པོ་གུ་ཤྲཱི་བློ་གྲོས་རྒྱལ་མཚན་ཞེས་བྱ་བ་མེ་ཕོ་རྟའི་ལོ་ཟླ་བ་བཞི་པ་ལ་གཞི་ཐོག་བླ་བྲང་དུ་འཁྲུངས་ཏེ། ཆོས་རྗེ་བླ་མ་དམ་པའི་དྲུང་དུ་རབ་ཏུ་བྱུང་། ཡབ་མེས་ཀྱི་ཆོས་རྣམས་ལ་སྦྱངས་པ་རྒྱ་ཆེར་མཛད་ནས། ཆོས་དུང་དཀར་པོ་རྒྱང་གྲགས་སུ་གྲགས་པ་བུས་ཏེ་ཚོགས་ཆེན་པོར་ཆོས་ཀྱི་དགའ་སྟོན་མང་དུ་མཛད་ཅིང་། གདན་ས་བཀའ་བགྲོས་པའི་གཙོ་བོ་བདག་པོ་གཞི་ཐོག་པར་མཚན་གསོལ། གཞི་ཐོག་གི་གོ་སར་བཞུགས་ནས་བསྟན་པའི་བྱ་བ་རྒྱ་ཆེར་མཛད་དེ། དགུང་ལོ་ལྔ་བཅུ་ང་ལྔ་བཞེས་པ་ལྕགས་ཕོ་བྱི་བའི་ལོ་ལ་སྐུ་གཤེགས་སོ་ཞེས་མུས་སྲད་པ་རྡོ་རྗེ་རྒྱལ་མཚན་གྱིས་བཤད། སྟག་ཚང་ལོ་ཙཱ་བས་དགུང་ལོ་ལྔ་བཅུ་ལས་མ་བཞུགས་པར་ཡང་བཤད་དོ། ། གྲགས་པ་བློ་གྲོས། ཡང་ཏ་དབེན་ཀུན་རིན་གྱི་བཙུན་མོ་ཕྱི་མ། བྲང་མོ་ཆེའི་བླ་མ་མཉམ་མེད་པར་གྲགས་པ་དེའི་དབོན་མོ་མ་གཅིག་དགེ་མ་ཞེས་བྱ་བ་ལ་སྲས་ལྕམ་སྲིང་གསུམ་འཁྲུངས་པའི་གཅེན་སློབ་དཔོན་ཆེན་པོ་གྲགས་པ་བློ་གྲོས་ཞེས་བྱ་བ་མེ་མོ་ལུག་གི་ལོ་ལ་ཆུ་མིག་ཏུ་སྐུ་བལྟམས་ནས། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དང་། བླ་མ་མཉམ་མེད་པའི་དྲུང་དུ་རབ་ཏུ་བྱུང་སྟེ། དེ་གཉིས་དང་བདག་པོ་བླ་མ་རྣམས་ཀྱི་དྲུང་དུ་ཡབ་མེས་ཀྱི་ཆོས་རྣམས་ལ་གསན་སྦྱོང་ཆེར་མཛད་པས་ཤིན་ཏུ་མཁས་པར་མཁྱེན་ཅིང་ཤབ་སྨད་དང་ཆུ་མིག་སོགས་སུ་གཙོ་ཆེར་བཞུགས། ཆོས་སྐྱོང་ཆེ་ཆུང་གཉིས་ཆར་ལ་ཤིན་ཏུ་མངའ་བརྙེས་པས། ཆོས་སྐྱོང་འདི་གཉིས་ཀྱི་གདམས་ངག་བོད་ན་བཞུགས་ཚད་འདི་ལ་བཞུགས་ཤིང་། སྟག་ཚང་ལོ་ཙཱ་བས་འདིའི་དྲུང་དུ་ཆོས་སྐྱོང་ཆེ་ཆུང་གི་གདམས་ངག་ཀུན་ཐོབ་པར་ལོ་ཙཱ་བ་