R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༥༠བ
[A:༡༥༠བ]མ། མིང་དགེ་འདུན་འབུམ་དུ་གྲགས་པ་ཞིག་ཁབ་ཏུ་བཞེས་པ་ལ། སྲས་བླ་མ་ཆེན་པོ་ཏ་དབེན་ཀུན་དགའ་རིན་ཆེན་ཞེས་བྱ་བ་འཁྲུངས་ཏེ་རང་གི་ཁུ་བོ་བླ་མ་དམ་པ་དང་བླ་མ་མཉམ་མེད་ཆེན་པོ་གཉིས་ལས་རབ་ཏུ་བྱུང་ཞིང་། དེ་གཉིས་དང་ཞང་དབང་ཕྱུག་རྒྱལ་མཚན་པ་གཉིས་བསྟེན་ནས་བདེ་ཀྱེ་སོགས་ཀྱི་དབང་བཀའ་མང་དུ་གསན། གཞན་སློབ་དཔོན་མགོན་རྒྱལ་པའི་དྲུང་དུ་རྩ་རྒྱུད་བརྟག་གཉིས་བསླབ་སྟེ་གདན་སར་ནང་དུ་གསུངས། མཁན་ཆེན་རྟོགས་ལྡན་དང་སློབ་དཔོན་འཇམ་སྔོན་དུ་གྲགས་པ་ལ་རྣམ་འགྲེལ་དང་རིགས་གཏེར་བསླབ་སྟེ་ཤིན་ཏུ་མཁས་པར་མཁྱེན་ཡང་། དུས་ཀྱི་ཤུགས་ཀྱིས་རེ་ཞིག་དབུས་ཕྱོགས་སུ་ཕེབས་དགོས་བྱུང་ནས། རྩེ་ཐང་སོགས་སུ་འཆད་ཉན་དང་གཟིགས་རྟོག་སོགས་མཛད་པའི་ངང་ནས་ལུག་ལོ་ཏའི་སི་ཏུ་བྱང་རྒྱལ་གྱི་ཆག་ཕྱི་མཛད་ནས་ཆུ་མིག་ཏུ་ཕེབས་ཏེ་དེར་བརྟག་གཉིས། རྣམ་འགྲེལ། རིགས་གཏེར། ཐུབ་པ་དགོངས་གསལ་ལ་སོགས་པ་ཆོས་མང་དུ་གསུངས། དེ་ནས་བཟུང་སྟེ་བདག་ཆེན་བློ་གྲོས་དབང་ཕྱུག་པའི་བར་དུ་གཞི་ཐོག་པའི་གདུང་བརྒྱུད་རྣམས་ཀྱི་ཆུ་མིག་ཏུ་ཆོས་འཁོར་མང་དུ་བསྐོར། འགའ་ཞིག་གདན་ཆགས་པ་ཡང་མཛད་པས་གཞི་ཐོག་བླ་བྲང་པའི་གདུང་བརྒྱུད་རྣམས་ལ་ཕྱིས་སུ་ཆུ་མིག་བླ་བྲང་པ་ཞེས་ཀྱང་གྲགས་ཏེ། གང་ལྟར་བླ་མ་འཕགས་པས་ཆོས་འཁོར་རྒྱ་ཆེན་པོ་བསྐོར་བ་ནས། རེ་ཞིག་ཆུ་མིག་འདིར་ཆོས་གྲྭ་ཆེར་དར་བར་མ་བྱུང་བ་ལ། ཏ་དབེན་ཀུན་རིན་འདིས་ཆོས་འཁོར་བསྐོར་བ་ནས་བཟུང་སྟེ། དེར་ཆོས་གྲྭ་འཚོགས་པ་ཡིན་ཞེས་ཀྱང་གྲགས་ཤིང་། དེའི་སྐབས་སུ་བླ་མ་འདིས་གུང་རུ་ཤེས་རིན་པ་སྤྱན་དྲངས་ནས་