R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༤བ
[A:༡༤༤བ]ཅིང་། ཁྱད་པར་དཔལ་ལྡན་ས་སྐྱ་པའི་དྲི་མ་མེད་པའི་གདུང་བརྒྱུད་རིན་པོ་ཆེ་ཞེས་མཚན་གྱི་དགེ་ལེགས་ཙམ་གྱིས་ཀྱང་བསྟན་པ་རིན་པོ་ཆེ་གསལ་བར་ནུས་པའི་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ། ནམ་མཁའ་དངས་པ་ལ་རྒྱུ་སྐར་གྱི་ཚོགས་བཀྲ་བ་ལྟ་བུ་ཞིག་དེང་སང་གི་བར་དུ་རྒྱུད་མི་འཆད་པར་བྱོན་ནས། སངས་རྒྱས་ཀྱི་བསྟན་པ་ནམ་ལངས་པ་ལ་ཉི་མ་ཤར་བ་ལྟར་གསལ་བར་གྱུར་པ་འདི་ནི། བདག་ཉིད་ཆེན་པོ་ཞེས་མཚན་ཡོངས་སུ་གྲགས་པའི་སྐྱེས་ཆེན་དམ་པ་འདི་ཁོ་ནའི་བཀའ་དྲིན་ལས་བྱུང་བར་ཤེས་པར་བྱའོ། །དེ་རྣམས་ཀྱིས་ལྷ་རིགས་འཁོན་ས་སྐྱ་པ་སྟེ་མཚན་མཆོག་གསུམ་དང་ལྡན་པའི་གདུང་རབས་བྱོན་ཚུལ་ལས། ས་སྐྱ་སྤྱི་ལ་དབང་བའི་གདུང་རབས་རིན་པོ་ཆེ་བྱོན་ཚུལ་བསྟན་ཟིན་ཏོ། །འདིར་སྨྲས་པ། བོད་ཡུལ་ཐུབ་པའི་རྒྱལ་ཚབ་ས་སྐྱ་པའི། །བསྟན་པའི་རྒྱུན་བཟང་མི་ནུབ་སྐྱོང་བ་ལ། །སྤྲུལ་པའི་གདུང་བརྒྱུད་བྱེ་བ་ཕྲག་བརྒྱའི་སྒོ། །དང་པོར་འབྱེད་མཛད་བཀའ་དྲིན་ཆེས་ལྷག་པའི། །བཟང་པོའི་མཚན་འཆང་འགྲོ་བའི་དཔལ་མགོན་མཆོག །གང་གི་དྲི་མེད་རིགས་ཀྱི་རྒྱ་མཚོ་ལས། །ངོ་མཚར་ཆུ་ཕྲན་མཁས་གྲུབ་གདུང་རིགས་ཚོགས། །རྒྱུན་ཆད་མེད་པར་འབྱོན་འདི་ཨེ་མ་མཚར། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།སྤྱི་དོན་གསུམ་པ་དེ་ལས་གྱེས་པའི་བླ་བྲང་རྣམ་བཞིའི་གདུང་རབས་བཤད་པ་ལ་དོན་བཞི་སྟེ། གཞི་ཐོག་བླ་བྲང་པའི་གདུང་རབས་བཤད་པ། རི་ཆེན་སྒང་བླ་བྲང་པའི་གདུང་རབས་བཤད་པ། ལྷ་ཁང་བླ་བྲང་པའི་གདུང་རབས་བཤད་པ། དུས་མཆོད་བླ་བྲང་པའི་གདུང་རབས་བཤད་པའོ། །དང་པོ་ལ་ཡང་ཚིགས་བཅད་ཀྱི་སྒོ་