R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༤༢བ
[A:༡༤༢བ]ལ་ཤེར་ཕྱིན་གསུངས་ས་གྲོང་ཁྱེར་སྤོས་ལྡན་ཏེ། རྒྱ་སྐད་དུ་ཤིན་ཏུ་ཧུ་ཞེས་པ་རྣམས་གཟིགས། དེ་ནས་དགུང་ལོ་སོ་དྲུག་པ་ལ་གོང་མ་རྒྱལ་པོས་གནང་སྦྱིན་ཆེན་པོ་མཛད། འཕགས་པ་ཏི་ཤྲཱིའི་དབོན་པོ་ཡིན་ངེས་སུ་འདུག་པས། ཁྱེད་ཀྱི་རིགས་བརྒྱུད་སྤེལ་ལ་ས་སྐྱར་གདན་ས་གྱིས་གསུངས་པའི་ལུང་དང་འཇའ་ས་བཟང་པོ་གནང་སྟེ། རྒྱལ་པོའི་བཀའ་བཞིན་མྱུར་བར་གདན་བཏེག་ནས། དགུང་ལོ་སོ་བདུན་པ་ས་ཕོ་ཁྱིའི་ལོ་ལ་གདན་ས་ཆེན་པོར་ཕེབས། དེ་དུས་ཤར་པ་འཇམ་དབྱངས་ཆེན་པོ་གཞི་ཐོག་ན་བཞུགས་པས། བདག་ཉིད་ཆེན་པོ་ལ་གདན་ས་གཏད། འོན་ཀྱང་རང་ཉིད་ཐུགས་གཉེར་གསན་སྦྱོང་གི་སྟབས་དང་། ཅུང་ཟད་མི་མཛེས་པ་ལ་དགོངས་ནས་གོང་ནས་གདུང་བརྒྱུད་སྤེལ་བ་དང་། གདན་ས་མཛད་དགོས་པའི་ལུང་ཡོད་ཀྱང་རེ་ཞིག་ལྷ་ཁང་བླ་བྲང་དུ་བཞུགས་ནས་འཆད་ཉན་སོགས་གདན་སའི་མཐིལ་རང་མ་མཛད་པར། ཤར་པ་འཇམ་དབྱངས་རིན་རྒྱལ་བས་བདག་ཉིད་ཆེན་པོ་ཞེ་ལྔར་ཕེབས་ཀྱི་བར་མཛད། དེ་ལྟར་དྷརྨ་པཱ་ལ་བདག་ཉིད་ཆེན་པོ་དགུང་ལོ་ཉེར་བདུན་པ་ལ་གཤེགས་པའི་ཉེར་བརྒྱད་པ་ནས། ཞེ་ལྔའི་བར་ལོ་བཅོ་བརྒྱད་ཀྱི་བར་ལ་གདན་ས་ཤར་པས་མཛད་པས། དུས་ཕྱིས་ཀྱི་བར་དུ་ཡང་ཤར་པའི་བླ་མ་ཁྲི་འདོན་གྲུབ་པ་རྣམས་ཚོགས་ཀྱི་དཔོན་སོགས་མཛད་པའི་ཚེ། བདག་ཉིད་ཆེན་པོ་ས་པཎ་གྱི་ཆོས་ཁྲི་ཆེན་མོ་འདིའི་སྟེང་དུ་བྱོན་ཆོག་པའི་རྒྱུ་མཚན་ཡང་དེ་ཡིན་ནོ་ཞེས་གྲགས་སོ། །དེ་ནས་བླ་མ་བདག་ཉིད་ཆེན་པོ་འདིས་ཡབ་མེས་ཀྱི་ཆོས་མ་ལུས་པ་ཐུགས་སུ་ཆུད་ནས། དགུང་ལོ་ཞེ་ལྔ་པ་ལ་གདན་སའི་ཁུར་ཆེན་པོ་བཞེས། གཞི་ཐོག་གི་གོ་སར་བྱོན་ཏེ་