R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༣༧ན
[A:༡༣༧ན]གཅུང་པོ་འགྲོ་བའི་མགོན་པོ་ཕྱག་ན་རྡོ་རྗེ་ནི། ཡབ་དགུང་ལོ་ང་དྲུག་ལ་ཞི་བར་གཤེགས་པའི་ས་མོ་ཕག་གི་ལོ་གཡས་རུ་མདོག་གི་གད་ལོ་ལོ་ཞེས་བྱ་བར་ལུམ་མདོག་སྟོད་ཚ་ན་མ། མ་གཅིག་ཀུན་སྐྱིད་ལ་ལེགས་པར་འཁྲུངས་ཤིང་། དགུང་ལོ་དྲུག་པ་ལ་ཆོས་རྗེ་ས་པཎ་གྱི་ཆག་ཕྱིར་ཧོར་ཡུལ་ལ་ཕེབས། སྐུ་གཞོན་ནུ་ནས་སྦྱོར་སྒྲོལ་ནུས་ཤིང་། ཆོས་རྗེ་ཁུ་དབོན་ལ་དབང་དང་གདམས་ངག་མང་དུ་གསན་ནས་ཐོས་པས་རྒྱུད་ཕྱུག་པར་མཛད། བརྟུལ་ཞུགས་ཀྱི་སྤྱོད་པས་ཕས་ཀྱི་རྒོལ་པ་ཐམས་ཅད་ཚར་བཅད། འཁོར་གསུམ་ཉི་ཟེར་ལ་འགེལ་ནུས་པ་དང་། ཕྱག་མདའ་ས་ལ་འཕངས་པའི་ཤུལ་ནས་ཆུ་འཐོན་ཏེ། དེང་སང་གི་བར་དུ་ཡང་ཕྱག་མདའ་བསྒྲུབ་ཆུ་ཞེས་གྲགས་ཤིང་། ཆུ་གཞན་པས་ཁྱད་པར་དུ་མའི་སྒོ་ནས་ཁྱད་པར་འཕགས་པ་ཀུན་གྱི་སྤྱོད་ཡུལ་དུ་གྱུར་པ་འདི་ཉིད་ལ་སོགས་པ་གྲུབ་པའི་མཚན་མ་བསམ་གྱིས་མི་ཁྱབ་པ་སྟོན་པ། མདོར་ན་རིགས་གསུམ་མགོན་པོའི་རྣམ་འཕྲུལ་བྱོན་པའི་ནང་ནས་མཐུ་སྟོབས་དང་རྫུ་འཕྲུལ་ཆེ་བ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའི་སྤྲུལ་པར་གྲགས་པ་ཡིན་ལ། འདི་ལ་ཧོར་རྒྱལ་པོ་སེ་ཆེན་གྱིས། ས་ལེན་དབང་གི་ལུང་དང་། གསེར་ཐམ་ཐོང་ཕྱི་གཡས་གཡོན་གྱི་ཁྲིམས་ར་དང་། གཞན་ཡང་འདིའི་བཙུན་མོར་རྒྱལ་པོའི་སྲས་མོ་མེ་ཁ་བདུན་བྱ་བ་གནང་། ཧོར་གྱི་ཆས་སུ་བཅུག་སྟེ་ཆོལ་ཁ་གསུམ་གྱི་ཁྲིམས་བདག་ཏུ་བསྐོས། བོད་ལ་ཏི་ཤྲཱི་དང་དབང་གི་ལས་ཁ་ཐོག་མར་སྐུ་མཆེད་འདི་གཉིས་ཀྱི་སྐུ་རིང་ལ་བྱུང་བར་གྲགས་པས་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། བྱང་ངོས་སུ་ལོ་བཅོ་བརྒྱད་ཙམ་བཞུགས་ནས། དེ་ནས་