R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༢༠བ
[A:༡༢༠བ]དུ་བསྒྱུར་ན་ཇི་ལྟར་ལགས་ཞུས་པས། ཨོཾ་ནི་སྐུ་ཡིན། མ་ཎི་ཐབས་ཡིན། པདྨེ་ཤེས་རབ་ཡིན། ཧཱུྃ་ཐུགས་ཡིན་པས། སྐུ་ཐབས་ཤེས་རབ་ཐུགས་བྱ་བ་ཡིན་གསུངས། སངས་རྒྱས་འདས་ནས་ལོ་དུ་ཆ་ཞུས་པས། བཞུགས་གདན་གྱི་འོག་ན་སླེའུ་ཡོད་པ་ཡར་བསལ། དབུ་དུད་མཛད་ནས་ས་ལ་ཕྱག་གིས་རྩིས་ཀྱི་རི་མོ་མང་པོ་གཅིག་མཛད་ནས། སུམ་སྟོང་བཞི་བརྒྱ་སོང་ནས་གདའི་གསུངས། ཇོ་བོ་ཤཱཀྱ་འདིས་སྔར་བོད་དུ་ལོ་ཇི་ཙམ་སོང་། ད་དུ་བཞུགས། བཞུད་ཙ་ན་གར་བཞུད། བཞུད་ལུགས་ཇི་ལྟར་བཞུད་ཞུས་པས། བཞུད་པ་ཀླུའི་ཡུལ་དུ་བཞུད། བཞུད་ལུགས་ཆབ་ལ་བཞུད། ལོ་རྩིས་དེ་ལྐོག་ཏུ་བཤད་པར་བགྱིའི་གསུངས། སྐབས་འདིར་བདག་གི་མདོར་ཆུ་བཙགས་ནས་འོང་བས། ཁྱེད་དབྱིབས་སྒུར་བར་གདའ། ནད་ཁམས་འདྲའི་བྱེད་པ་ལགས་སམ། མལ་སར་ཡུན་རིང་བས་ལན་པ་ལགས་གསུངས། ནད་ཁམས་འོང་མ་མྱོང་། མཚམས་ཡུན་རིང་བས་ཚོགས་མི་ཐུབ། ངོ་མི་ཁྱོགས། གཉའ་ཆགས་ཐབས་སུ་སོང་བས་ལན་པ་ལགས་བགྱིས། ངེད་ཀྱིས་བསམ་ཙ་ན་ཁྱེད་ཞལ་རས་སྨུག་སྡུད་དེ་གཉིས་སུ་མུ་འགྲམ་སེ་ཙིག་གེ་པ་གཅིག་ཡོད་དེ་འོང་སྙམ་ཙ་ན། དབུ་སྐྲ་དང་ཞལ་རས་གཉིས་ཀ་དཀར་པོར་གདའ། ཁྱེད་ཀྱི་བསམ་པའི་ང་དེ་དང་མཐོང་བའི་ང་འདི་གཉིས་ཨེ་འདྲ་བར་འདུག་གསུངས། དེ་མཐོང་བ་འདི་མཛེས་ལ་གཟི་བརྗིད་ཆེ་བར་གདའ་བགྱིས། ཡང་ཁྱེད་ཀྱིས་མཁན་སློབ་མཛད་ཨེ་མྱོང་གསུངས་པས། འཆོལ་པ་འདྲ་བ་བྱུང་བ་ཡིན་ཏེ་ངེད་ཀྱི་བླ་མ་གོང་མ་རྣམས་མི་མཛད་པར་གདའ་བས་བྱེད་མ་མྱོང་བགྱིས། བཀའ་གདམས་པ་གོང་མ་དེ་རྣམས་