R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༡༡བ
[A:༡༡བ]དཔྱད་མཛད་པ་ན། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཞིག་འབྱོན་པར་དགོངས་ནས། དེ་ནས་རྗེ་བཙུན་ཁའུ་པས་རྟེན་འབྲེལ་འགྲིག་པའི་སླད་དུ་དཀོན་མཆོག་རྒྱལ་པོ་ས་སྐྱར་བཞུགས་པ་ལ་ཡང་ཡང་དུ་བྱོན་གསུངས་ནས་ལན་མང་དུ་བྱོན་པའི་ཕལ་ཆེར་ཉིན་འཁོར་མཛད་པ་ལ། སྐབས་ཤིག་གི་ཚེ་ཉི་མ་མ་རྒས་ཙམ་གྱི་བར་གསུང་གླེང་མཛད་དེ་འགོར། དེ་ནས་ཕུད་རིན་ནས་ཤིག་གནང་ནས། དོ་ནུབ་འདིས་ཕུད་ཚོད་གཅིག་འཇལ་ལ་དཀར་གོང་ལུང་དུ་ངེས་པར་བཞུགས་ཤིག་གསུངས་པའི་ཚེ། འཁོན་གྱི་ཐུགས་དགོངས་ལ་དེ་རིང་འདི་འདྲའི་ཕྱི་བ་ལ་སྡོད་ཀྱང་མི་གསུངས་པ་སྙམ་ནས་ཐུགས་ཡི་ཆད་དེ་བ་ཅིག་ལ་བྱོན་ཏེ། ཕྲུ་མའི་གདོང་ཕྱོགས་དེ་ནས་སྐྱེད་ལྷས་ཕྱོགས་ལ་ཕྱི་མིག་ཞིག་གཟིགས་ནས། རྒན་པོ་བརྫངས་ནས་བླ་མ་ཐུགས་རྗེ་ཆུང་། །ཞེས་གསུངས་ཤིང་ཡི་ཆད་དེ་བ་ཞིག་གི་ངང་ནས་བྱོན་པས། རི་གདོང་དེ་ལ་ཐུགས་རྗེ་གདོང་དང་། འཕྲང་དེ་ལ་ཡི་ཆད་འཕྲང་ཞེས་ཀྱང་གྲགས་སོ། །དེ་ནས་འོན་ཀྱང་བླ་མ་ཅི་གསུངས་བྱ་སྙམ་དུ་དལ་བུས་བྱོན་པས་ཉི་མ་མ་རྒས་པར་དཀར་གོང་ལུང་དུ་ཕེབས་པ་དང་། དེ་དང་དུས་མཉམ་དུ་མ་གཅིག་དཀར་གོང་ལུང་མའི་ཆུ་ཞིག་བཅུས་ནས་གཡས་སྐོར་དུ་བྱོན་པ་གཉིས་མ་བསྒྲིགས་རང་འགྲིག་ཏུ་རྟེན་འབྲེལ་འགྲིགས་ནས། འཁོན་གྱིས་དོ་ནུབ་ང་ལ་གནས་ཚང་ཞིག་ཐོངས་གསུངས་པས། མ་གཅིག་གིས་ཀྱང་ཤིན་ཏུ་གུས་པས་ནང་དུ་གདན་དྲངས། དེ་ནས་བླ་མས་ཆང་ཞིག་ཚོང་གསུངས་པས། ཕུད་རོ་མཆོག་དང་ལྡན་ཞིང་སྣོད་ཀྱང་གས་ཆག་མེད་པ་ཞིག་དྲུང་དུ་ཁྱེར་བྱུང་བས་རྟེན་འབྲེལ་བཟང་སྙམ་དུ་བཞེས་ཏེ། དེ་ནུབ་བླ་མའི་བཀའ་བཞིན་གནས་