R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༨༤བ
[A:༨༤བ]ཞིང་། མཛད་པའི་འཕྲིན་ལས་ཀྱང་དབུ་རྩེ་རྙིང་མ་བཞེངས་པ་དང་། དགོན་པ་ལ་ལྕགས་རི་མཛད། དེའི་དུས་སུ་མོན་གྲོག འབལ་གྲོག ས་དཀར་ལོགས་རྣམས་རྒྱབ་ཡོལ་དུ་ཚུད་པའི་ལྕགས་རི་མཛད་གསུངས་པ་ལ། བགྲེས་པོ་ཀུན་གྱིས་ཞུས་པས། ཞིང་མོ་ཆེ་ནས་རྒྱབ་པས་མདའ་རྒྱང་གང་གིས་ལྕགས་རི་འདི་མཛད། ཟི་ཐང་སོགས་སུ་ཚོང་འདུས་དང་མི་དམངས་ཀྱི་གྲོང་འཛུགས་པ། གྲོམ་སྟོད། གྲོམ་སྨད། སྟག་ཐོག མང་མཁར་དྲིལ་ཆེན། གཙང་བར་ཕུག ཤབ་སྟོད་སྨད། རྟ་ནག་སོགས་སུ་གཞིས་འདིངས་པ། བྱང་གཅུང་། ཁབ་སོ། ཀོམ་འདྲེ། གར་ཕུག་སོགས་སུ་འབྲོག་སྡེ་མང་དུ་འཆའ་བ། ར་ས་སོགས་སུ་རྟ་ཁྱུ་འཆའ་བ། བསྟན་འཛིན་དུ་མ་བསྟེན་ནས་ཞབས་ཏོག་འཚོ་སྦྱོར་མཛད་པ། སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ། མཆོད་པ་རྒྱུན་པར་འབུལ་བ། བླ་མ་གོང་མའི་དུས་མཆོད་ཀྱི་རྒྱུན་འཛུགས་པ་སོགས་ཚད་མེད་པ་མཛད། ཕྱི་མའི་སྐྱེ་བ་གཟིགས་པའི་མངོན་ཤེས་ཀྱང་མངའ་སྟེ། མྱ་ངན་ལས་འདའ་བའི་དུས་སུ་ད་སྐྱེ་བ་ཕྱི་མ་ལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་སྤང་རི་ཆེན་པོ་ཅིག་གི་འདབས་སུ་གདུལ་བྱ་འགའ་རེ་ལ་དབང་བསྐུར་ཞིང་། སྦས་པའི་རྣལ་འབྱོར་གྱི་ལམ་ཟབ་མོ་ཉམས་སུ་ལེན་པ་གཅིག་ཏུ་སྐྱེ་བར་འདུག་གསུངས་ཤིང་། འདི་ན་བཟའ་བྲག་ཕུག་པ་ཡིན་པའི་སྙན་བརྒྱུད་ཀྱང་ཡོད་ལ། དེ་ལྟ་བུའི་བླ་མ་དེ་དགུང་ལོ་ང་དྲུག་བཞེས་པས་ས་མོ་ཕག་རྒྱལ་གྱི་ཟླ་བའི་ཉི་ཤུ་གཉིས་ལ་དག་པའི་སྣང་བ་མང་པོ་གཟིགས་ཤིང་། བླ་མ་དང་ཡི་དམ་དབྱེར་མེད་པའི་དགོངས་པ་མཛད་ནས། ཁྱེད་རྣམས་ཆོས་རྗེ་པ་འདི་སངས་རྒྱས་དངོས་སུ་འདུག་པས་ཐེ་ཚོམ་མ་བྱེད་པར་