R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༨༣བ
[A:༨༣བ]ཐུར། ཤངས་སྲེག་ཤིང་། ཆུང་བ་ཁམས་གཙང་དབུས་གསུམ་ན་ཤིན་ཏུ་མང་བའི་བདག་གཉེར་མཛད་ནས། སྤྱིར་མདོ་སྔགས། ཁྱད་པར་རྣམ་འགྲེལ་སོགས་མཚན་ཉིད་ཀྱི་བཤད་སྲོལ་ལ་ཆོས་རྗེ་པ་འདི་ཁོ་ནས་འཕྲིན་ལས་ཀྱི་རྒྱུན་བཟང་བ་ཡིན་ཏེ། ཞལ་བཞུགས་པའི་དུས་ཀྱང་ཧོར་ཡུལ་ལ་འབྱོན་པའི་ཚེ། ས་སྐྱར་མཚན་ཉིད་ཚོགས་དཔོན་འུ་ཡུག་པ་རིག་པའི་སེང་གེ སྔགས་ཀྱི་ཚོགས་དཔོན་ཞང་བཙུན་མདོ་སྡེ་དཔལ། སྤྱི་དཔོན་ཉེ་གནས་སུ་དགེ་བཤེས་ཤཱཀྱ་བཟང་པོ་བསྐོས་ནས་བྱོན་པས། ས་སྐྱར་རིགས་ཆེན་པ་རང་ལ་ཡང་ཆ་བརྒྱད་ཅུ་ཙམ་བྱུང་བར་གྲགས་པ་དང་། ཆོས་རྗེ་ཉིད་མྱ་ངན་ལས་འདས་པའི་རྗེས་སུ་ཡང་ཚད་མ་སོགས་རང་གི་མཚན་ཉིད་ཀྱི་གྲུབ་མཐའ་སྲོལ་འཛིན་གྱི་གྲངས་འཕེལ་བ་ཡང་། ནཱ་ལེནྡྲ། གསེར་མདོག་ཅན། སྐྱིད་ཚལ། ཐུབ་བསྟན་རྣམ་རྒྱལ། ཐུབ་བསྟན་ཡངས་ཅན། དབུས་རྩེས་ཐང་། བྱང་ངམ་རིང་། དཔལ་ས་སྐྱའི་ཐུབ་བསྟན་ལྷ་ཆེན་སོགས་ཤིན་ཏུ་དར་རྒྱས་སུ་གྱུར་པ་དང་། དེ་བཞིན་དུ་སྔགས་ཕྱོགས་ཀྱི་རང་གི་གྲུབ་མཐའ་སྲོལ་འཛིན་གྱི་དགོན་གནས་ཀྱང་ཆེ་ཕྲན་མང་པོ་ཞིག་འཕེལ་རྒྱས་སུ་གྱུར་པ་འདི་ནི། གཞན་ལས་རྨད་དུ་བྱུང་བའི་རྣམ་པར་ཐར་པ་སྟེ། རྩོད་དུས་གདུལ་བྱ་ཉམས་དམའ་བའི་དུས་སུ་འཕྲིན་ལས་རྣམ་དག་གི་རྒྱུན་ཚུགས་པ་རྣམ་ཐར་གྱི་མཆོག་ཡིན་གྱི། ཉིད་ཀྱིས་སངས་རྒྱས་བྱང་སེམས་མང་པོ་གཟིགས་པ་སོགས་ནི་བྱིས་པ་མཚར་བསྐྱེད་དུ་ཟད་དོ་ཞེས་མཁས་པ་རྣམས་ཀྱི་གསུང་རབ་ལས་འབྱུང་བ་བཞིན་དོན་ལ་གནས་པར་ཤེས་པར་བྱའོ། །འདིར་སྨྲས་པ། དེ་ལྟར་གནས་ལྔ་རིགས་པ་ཆོས་ཀྱི་རྗེ། །ཐུབ་དབང་གཉིས་པ་