R752: འཛམ་གླིང་བྱང་ཕྱོགས་ཀྱི་ཐུབ་པའི་རྒྱལ་ཚབ་ཆེན་པོ་དཔལ་ལྡན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་ཇི་ལྟར་བྱོན་པའི་ཚུལ་གྱི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་དགོས་འདོད་ཀུན་འབྱུང་།

  • Pagination (Witness A): ༨ན
[A:༨ན]འདུལ་གྱི་བུ་མོ་འབྲོ་བཟའ་གཡང་ལོན་སྐྱིད་ཁབ་ཏུ་བཞེས་པ་ལ་སྲས་བདུན་བྱུང་ཞིང་། ཞང་པོ་དེ་བོད་ཀྱི་གྱད་པའི་བརྒྱུད་ཡིན་པས་ཞང་རིགས་ཀྱི་སྐུ་རྩལ་ཤིན་ཏུ་ཆེ་བར་བྱུང་། དེའི་ཚེ་འབྲོག་གཉན་རྩེར་ལྟད་མོ་ཉི་མ་གསུམ་བྱུང་བ་ལ་སྐུ་མཆེད་བདུན་པོས་རྟ་དང་ལུས་ཆས་ཉིན་རེ་བཞིན་རེ་རེ་སྤོས་ཏེ། དེ་ཡང་ཉི་མ་དང་པོ་ལ་རྟ་དཀར་བེར་དཀར། གཉིས་པ་ལ་རྟ་དམར་བེར་དམར། གསུམ་པ་ལ་རྟ་ནག་བེར་ནག་ཏུ་བྱས་ཏེ་རྟ་རྒྱུགས་ཚབ་འགྲན་བྱས་པས། ཁྲོམ་ཐོག་ཆོད་པ་བྱུང་བ་ན་ཞང་པོ་ལ་འགྲས་འཛུགས་པར་གོ་ནས་ཞང་པོས་དམག་བསགས་འཐབ་མོ་བྱེད་ཟེར་བྱུང་བ་ལ། ཁོང་རྣམས་ཀྱིས་གཅིག་པར་ཞང་པོ་ཡིན། གཉིས་པར་ཁྱིམ་མཚེས་ཡུན་རིང་འགྲོགས་ནས། རྒྱལ་ཁམས་ཡངས་པོ་ལ་དོག་འཚེར་བྱེད་དོན་མེད་ཟེར་ནས། ཆེ་བ་མངའ་རིས་མང་ཡུལ་དུ་བྱོན། དེ་འོག་མངའ་རིས་གུང་ཐང་། དེ་འོག་སྲད། དེ་འོག་གཉལ་ལོ་རོ། །དེ་འོག་ཉང་ཤབ་ཏུ་བྱོན་ཏེ་ཡུལ་སོ་སོར་བཟུང་བས། དེ་རྣམས་ལས་གྱེས་པའི་འཁོན་ཚོ་མང་དུ་འཕེལ་ཏེ་གྲགས་ཆེན་མ་བྱུང་། ཆུང་བས་ཕ་ཡུལ་རང་དུ་བཞུགས། འབྲོ་དང་འཁྲུག་པ་ཡང་སྤྲད། དེ་ལས་གྱེས་པ་གཉན་རྩེ་རང་ན་མ་ཁྲིགས་སྡེ་གསུམ་དུ་གྲགས་པ་བྱུང་ངོ་། །དྲུག་པ་ཤེས་རབ་ཡོན་ཏན་གྱི་གྲོམ་པ་གཡའ་ལུང་དུ་བཞུགས། དེ་ལ་སྲས་གཉིས་བྱུང་བའི་ཆུང་བ་ཁབ་སོ་སྟག་ཐོག་ཏུ་བྱོན། དེ་ལས་གྱེས་པ་ལ་སྟོད་བྱང་གི་འཁོན་ཚོ་རྣམས་ཡིན། ཆེ་བ་ཡོན་ཏན་འབྱུང་གནས་ཀྱིས་ཡབ་མེས་ཀྱི་ཆོས་བརྒྱུད་བཟུང་ལ། དེ་ལ་སྲས་གསུམ་བྱུང་བའི་ཚུལ་ཁྲིམས་རྒྱལ་པོས་གྲོམ་པར་བཞུགས་ནས་ཆོས་ཀྱིས་གདུལ་བྱ་