R66: རྗེ་བཙུན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་ངོ་མཚར་དད་པའི་རོལ་མཚོ།

  • Pagination (Witness A): 324
[A:324]དེ་ལྟ་ན་ཡང་ལ་ལ་ན་རེ། ཆོས་གྲྭ་འདི་མཁན་ཆེན་སངས་རྒྱས་དཔལ་གྱིས་ཆོས་གསུངས་པའི་ས་ཡིན། ཁོང་ལ་མེ་ཏོག་བསྒྲུབ་པའི་ཐབས་གཅིག་ཡོད་པའི་སྐད་ཆ་འདུག་ཅེས་ཟེར། ལ་ལ་ན་རེ་འདི་འདྲ་བདུད་ཀྱི་བར་ཆད་ཡིན་པས་རིམ་གྲོ་ཆེན་པོ་བྱེད་དགོས་སོ་ཞེས་ཟེར་མོད་ཀྱི། རྒྱལ་བའི་སྲས་པོ་ཕྱིར་མི་ལྡོག་པའི་ས་ཐོབ་པ་འདི་དག་ལ་ལྷའི་བུའི་བདུད་ཀྱིས་བར་ཆད་ཀྱི་གོ་སྐབས་ག་ལ་ཡོད། དེའི་ཕྱིར་བར་ཆད་མེད་ཀྱི་སྟེང་དུ་ལེགས་པའི་ཆ་རྣམས་གོང་འཕེལ་དུ་སོང་བ་ཐམས་ཅད་ཀྱིས་འཐུན་སྣང་དུ་གྲུབ་པ་ཡིན་ནོ༎ དེ་ལས་སོགས་པའི་སྙན་པའི་གྲགས་པ་རྣམས་ཏའི་མིང་རྒྱལ་པོ་ཆེན་པོའི་སྙན་དུ་གསན་ཏེ། ཧུ་ཐལ་རྒྱམ་ཞེས་བྱ་བ་ལ་སོགས་པའི་ཏ་བཞིན་ཆེན་པོ་རྣམས་བསྔགས་ཏེ། རྗེ་ཉིད་ལ་རྒྱའི་གནང་སྦྱིན་ཆེན་པོ་ཕེབས་སོ༎ དེ་ཡང་འདི་ལྟར། བཅོམ་ལྡན་འདས་སྨན་པའི་རྒྱལ་པོའི་གསེར་སྐུ་ཁྲུ་གང་པ་གཅིག། འཇམ་དཔལ་གྱིས་ཚན་ཡང་དག་པར་བརྗོད་པ་ན་མཐའ་དག་བཅས་པ། རྣམ་པར་རྒྱལ་མའི་གསེར་གྱི་མཆོད་རྟེན་ངོ་མཚར་ཅན་གཅིག། ཐང་ཞུ་ལེགས་པོ་གཅིག། ལ་ངུར་ཁའི་སྣམ་སྦྱར་རབ་ཚད་གཅིག། སིནྡྷུ་རའི་མདོག་ཅན་གྱི་བེར་ཐུལ་གཅིག། འཇར་འགའ་ཏ་ཧུན་གཅིག། གཞན་གོས་ཕྱི་ནང་བརྒྱད། ཚིང་ཁྲ་སིག་གཅིག། ཀརྨ་གན་དཀར་གཅིག། རྟེན་ཁེབས་མ་ཎི་མ་གཅིག། ཙན་དན་དཀར་པོ་ཁྲུ་གང་བ་གཅིག་རྣམས་གནང་ནས། རྗེ་ཉིད་ལ་བསྟོད་བཀུར་བསྔགས་གསུམ་གྱི་ཕྲེང་བ་མཛད་ནས། བསྟན་པའི་ཁུར་ཆེན་པོ་ཁྱེར་ཤིག་ཅེས་པའི་འཇའ་ས་གནང་ངོ༎ སྔོན་ཐེག་ཆེན་ཆོས་ཀྱི་རྒྱལ་པོ་གོང་ན་བཞུགས་པའི་ཚེ། རྗེ་ཉིད་ལ་རྒྱའི་ཡུལ་དུ་མེ་ཏོག་ལྡུང་ར་ཅེས་བྱ་བའི་ཆོས་སྡེའི་ཆོས་དཔོན་དུ་སྤྱན་འདྲེན་པ་བྱུང་ཞིང། དེའི་ཚེ་ཐེགས་པའི་གྲབས་མཛད་ནས་སྤྱིར་གསང་སྔགས་དང། ཁྱད་པར་ཡོ་གའི་གར་ཐིག་དབྱངས་གསུམ་ལ་མཁས་པར་སྦྱངས་སོ༎