R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༦༠
[A:༥༦༠]དབང་ཕྱུག་ཡིན་ནམ་གསུངས། ཡིན་ལགས་ཞུས་པས། གར་བྱེད་མཁན་དེ་པ་རིག་མ་བཅུ་དྲུག་ཡིན་པར་འདུག་གམ་གསུངས། ཡིན་མཆིས་ལགས་སམ་ཞེས་ཞུས་ཟེར་རོ། །ཡང་སྔ་དྲོ་ཅིག་གི་ཚེ། མདང་རྨི་ལམ་ན། རྗེའི་དྲུང་ནས་ས་སྐྱའི་ཆུ་མིག་རྫིང་ཁ་ནས་ཕྱག་དཔེ་མང་རབ་ཅིག་མ་འགྲིགས་པ་བསྒྲིག་གིན་འདུག་ཅིང༌། པུ་སྟི་མང་པོ་གདོང་དར་བཅས་པ་ཡང་མང་པོ་འགྲིག་འདུག་པ་ལ། རྗེ་བཙུན་རིན་པོ་ཆེའི་ཟན་འབུམ་བཞུགས་པའི་འབུམ་པ་དེ་ཚོའི་གསེབ་ན་ཚུར། རྗེ་བཙུན་རིན་པོ་ཆེ་ན་བཟའ་ཇུས་དཀར་པོ་ཕོད་ཀ་ཅིག་བསྣམས། བ་སོའི་ཤིང་རྟ་ཆུང་ཆུང་ཅིག་ལ་ཆིབས་ནས་ཁྲིད་མཁན་མེད་པར་བྱོན་བྱུང་བ་ལ། ཆོས་རྗེའི་དྲུང་ནས་ཁག་བཞེངས་ནས་ཕྱག་འཚལ་བ་དང༌། བྱིན་རླབས་ཞུས་པའི་གསལ་བ་ནི་མ་བྱུང༌། རྗེ་བཙུན་ཆེན་པོའི་ཞལ་ནས་ད་མི་འགྲོའམ་ཤོག་གསུངས། དེ་ནས་རྗེ་བཙུན་སྟག་བྱང་ཆུབ་སེམས་དཔའ་མཁའ་སྤྱོད་དུ་གཤེགས་པའི་ཕྱོགས་དེ་ན་ཡར་གཤེགས་སོང་བ་རྨི། ད་འགྲོ་ནའང་ས་སྐྱའི་བསྐྱེད་འཕྲང་ཡན་གདན་སྟོད་དེ་ལ་ཆོས་ཁྲིམས་གཙང་མ་ཅིག་བྱུང་ན་སྙམ་རྩོལ་བ་ཆེར་བྱས་པ་ཡིན་ཏེ། དེའི་སྤྲོས་པ་ནི་ཆོད་འདུག །གཞན་སེམས་ཀྱི་ལྷག་མ་ཅུང་ཟད་ཀྱང་ལུས་པ་མེད་ཅེས་གསུངས། འདི་ནི་རྗེ་བཙུན་ཆེན་པོས་བསུ་བ་མཛད་པ་ཡིན་གསུངས་སོ། །ཡང་ཉིན་གཅིག་ཉི་མ་ཕྱེད་ཡོལ་ཙམ་ལ་དབྱངས་གསལ་གྱི་ཡི་གེ་མང་དུ་གསུང་ཞིང༌། བདག་མེད་ཏི་ལ་ཀ་ཞེས་བརྗོད། །ཅེས་ཡང་ཡང་གསུངས་སོ། །དེ་ལ་ཏི་ལ་ཀ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་སྟེ། དེ་སྐུ་ལུས་ལ་བརྟན་པའོ། །དེའི་སྟོབས་ཀྱིས་མི་འགྱུར་བའི་བདེ་བ་ཆེན་པོ་རབ་ཏུ་རྒྱས་པ་ནི་བདག་མེད་པ་སྟེ། བདེ་བ་བདག་མེད་ཚུལ་ཅན་ཉིད། །ཅེས་གསུངས་པས་སོ། །དེས་ན་བདེ་བས་དྲངས་པའི་ཡུལ་སྟོང་ཉིད་མངོན་སུམ་དུ་མཛད་ལ། དེའི་ཚེ་གྲུབ་མཐའ་སྙོགས་པ་ཡིན་ཏེ། འདིའི་ཚུལ་རྒྱས་པར་བླ་མ་དམ་པའི་རྣམ་ཐར་ཆོས་རྗེ་