R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༤༨༠
[A:༤༨༠]གྲགས་པ་མདོ་ཁམས་སྟོད་པ་ཀུན་མཁྱེན་སངས་རྒྱས་རྒྱལ་མཚན་གྱིས། སྐྱེ་བ་བཅུ་གསུམ་བར་མ་ཆད་པ་རུ། །མཁས་པ་པཎྜི་ཏ་རུ་འཁྲུངས་གྱུར་ཏེ། །འགྲོ་མང་ཐར་པའི་ལམ་ལ་རབ་བཀོད་ནས། །འཕགས་ཡུལ་བསྟན་པ་གསལ་མཛད་དེ་ལ་འདུད། །ཅེས་རྒྱ་གར་ཤར་ནུབ་ཏུ་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པར་བཤད། མཁན་ཆེན་ལེགས་འབྱུང་གི་གསུང་ལས་ཀྱང༌། རྒྱ་གར་གྱི་པཎ་གྲུབ་བཅུ་བཞི་ཙམ་གྱི་སྐྱེ་བ་ཐུགས་ལ་དྲན་པ་ཡིན་པར་བཤད། གསུང་སྒྲོས་དག་ལས་ཀྱང༌། རྗེ་འདི་དང་གུ་གེ་པཎྜི་ཏ་རྒྱ་གར་དུ་སྐུ་སྐྱེ་བ་མཉམ་དུ་བྱུང་བའི་ལོ་རྒྱུས་གསུངས་སོ། །དེ་ལྟར་པཎ་གྲུབ་དེ་རྣམས་ཀྱི་རྣམ་ཐར་རེ་རེ་ནས་བྲིས་པ་ནི་མ་མཐོང་ངོ༌། །བོད་དུ་ཡང་རྗེ་བཙུན་གྲགས་པའི་སློབ་མ་དཔྱིལ་སྒོམ་ཚུལ་ཁྲིམས་རྒྱལ་པོར་འཁྲུངས་ནས་གསུང་ངག་སོགས་ཐུགས་ཉམས་སུ་བཞེས་ཤིང༌། ལམ་འབྲས་ཀྱི་བཀའ་རྒྱ་ཐིམ་པའི་གཟིགས་སྣང་དུ། རྗེ་བཙུན་གྱི་ཕྱག་ནས་འོད་ཀྱི་དྲུ་བུ་བྱུང་ནས་རྗེའི་ཕྱག་ཏུ་བབས་པའི་མཚོན་བྱེད་ཀྱང་འདི་ཡིན་པར་བཤད། འདིའི་རྒྱུ་མཚན་རྒྱས་པར་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱིས་མཛད་པའི་ལམ་འབྲས་ཀྱི་བཀའ་རྒྱ་ཐིམ་པའི་གཟིགས་སྣང་གསལ་བྱེད་ཀྱི་ཡིག་ཆར་བལྟའོ། །དེ་ལ་སོགས་པ་དཔལ་ལྡན་ས་སྐྱ་པ་ཡབ་སྲས་གསུམ་གྱི་གསུང་གི་གསང་མཛོད་ཟབ་མོ་འཛིན་པའི་ཐུགས་སྲས་དུ་མར་འཁྲུངས་ཏེ། གུ་གེ་པཎ་ཆེན་གྱིས། དཔལ་ལྡན་ཐུགས་རྗེའི་བདག་ཉིད་ས་སྐྱ་པ། །ཤེས་བྱ་མཐའ་དག་ལེགས་གཟིགས་བསོད་ནམས་རྩེ། །རྡོ་རྗེ་ཐེག་པའི་མངའ་བདག་གྲགས་པ་འཛིན། །ཁྱོད་ཀྱི་མཁྱེན་བརྩེ་ལས་འཁྲུངས་སྲས་ཀྱི་གཙོ། །ཞེས་གསུངས་སོ། ༈ །གསུམ་པ་སྐུ་ཚེ་འདིར་ཡང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་མཛད་ཚུལ་ལ། རྗེ་ཉིད་ཀྱི་སློབ་མ་རྣམས་ཀྱིས་མཛད་པའི་རྣམ་ཐར་གྱི་ཡི་གེ་མང་དུ་སྣང་བ་ལས། འདིར་ཐུགས་སྲས་སེམས་དཔའ་ཆེན་པོ་མུས་ཆེན་དཀོན་མཆོག་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་གཞིར་བཞག་དེར་མི་གསལ་བ་རང་གིས་ཇི་ལྟར་