R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༣༧
[A:༥༣༧]ཨ་མེ་དཔལ་ཞེས་པ་ཡབ་སྲས་ཀྱི་ལོ་རྒྱུས་ནི། དྲུང་དགེ་སྦྱོང་བ་འདི་འཇམ་དཔལ་རྩ་རྒྱུད་དང༌། སློབ་དཔོན་པདྨའི་ལུང་བསྟན་ལ་ཡོད་གསུང་ཞིང༌། ཁོང་མངའ་རིས་རྫོང་ཀའི་དྲུང་སྐོར་ཡིན། གདུང་རུས་གནམ་རུ་ཁྱུང་ཡིན། སྔོན་གྱི་གྲུབ་ཐོབ་རྗེ་བཙུན་མི་ལ་སོགས་དང་གཅིག །ཨ་མེ་དཔལ་འདི་མཁྱེན་པ་ཡོད་པས། བོད་ཆོས་རྒྱལ་གྱི་གདུང་བརྒྱུད་དྲི་མ་མེད་པ་མངའ་རིས་རྫོང་ཀར་གྱི་ཆོས་རྒྱལ་འབུམ་སྡེ་མགོན་གྱིས་གླང་གི་ལས་ཐབས་བཅུ་གསུམ་ཡོད་པར་བཤད་པའི་གློ་བོར་གཙང་རང་བྱ་ཕོའི་ཟེ་བ་ཞེས་པའི་རྫོང་རྒྱབ་ཡོད་པའི་རྫོང་དཔོན་ལ་བརྐོས་པ་ལས། ཕྱིས་གློ་བོ་ཁོང་གིས་སྒེར་དུ་ཚོང༌། དོལ་པོ་པུ་ཧྲངས། གུ་གེ་སོགས་ལའང་ལུང་འགྲོ་བ་བྱུང༌། ཁོང་གིས་དང་པོར་བོ་དོང་པཎ་ཆེན་སྤྱན་དྲངས་ཀྱང༌། དེ་ཙམ་བསྟན་པ་ལ་ཕན་པ་མ་བྱུང༌། རྗེ་རྡོ་རྗེ་འཆང་འདིའི་སྙན་པ་ཐོས་ནས་དད་འདུན་དང་བཀའ་སྤྱད་ཆེན་པོས་ཡང་ཡང་སྤྱན་དྲངས་ཀྱང༌། སྔ་མ་ས་སྐྱ་པའི་རྒྱུད་གསུམ་མན་ངག་དང་བཅས་པའི་ལྟ་བ་སེམས་ཙམ་ཡིན་ཟེར་བ་དང༌། ས་སྐྱ་པའི་ལུས་དཀྱིལ་རྒྱུད་གཞུང་ནས་མ་བཤད་ཟེར་བའི་རྩོད་པ་བྱུང་ནས། ས་སྐྱ་པའི་དགེ་བཤེས་རྣམས་འཐོར་ས་མེད་པའི་བཅའ་ཁྲིམས་བྱས་ནས་འབྱོན་སྟབས་མ་བྱུང༌། དེའི་དུས་སུ་གནང་བའི་ཡིག་ལན་བཀའ་ཤོག་དང༌། ཆོས་བསྐུལ་པུསྟི་གནང་ཚུལ་སོགས་རྗེ་མཁན་ཆེན་པའི་རྣམ་ཐར་དུ་བལྟ། དེ་ནས་ཀྱང་ནན་ཆེན་པོས་སྤྱན་དྲངས་པས། གློ་བོར་ལན་གསུམ་ཕེབས་པའི་དང་པོ་ནི། སྔར་གྱི་མཚན་ལམ་ལ་བརྟེན་ནས་བསྟན་པ་ལ་ཕན་པ་འོང་བར་དགོངས་ནས་དེ་བས་ཏེ་ལུག་ལོའི་སྟོན་རྗེ་མུས་ཆེན་ཤཱཀ་བཟང་དུ་སྐུ་ཚབ་ལ་བཞག་ནས་ཆོས་གསུངས། རྗེ་རིན་པོ་ཆེ་དཔོན་སློབ་རྣམས་ཀྱིས་ཟླ་བ་དྲུག་ལ་འཁོར་བར་མཛད། དང་པོ་ཡུལ་དེར་བཀའ་འགྱུར་ཚང་མ་མི་བཞུགས་པ་ལ། རྒྱུད་འབུམ་ས་སྐྱ་ནས། གཞན་རྣམས་ཕྱོགས་མཐའ་དག་