R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༤
[A:༥༠༤]ཕད་བུ་གང་འདུག་པ་ལ་གཟིགས་པས། དེའི་ནང་ན་དཔེ་ཆ་མགོ་ཚེམ་ཅིག་འདུག་པ། སྒོ་རུམ་གྱི་ཕྱག་དཔེའི་དཀར་ཆག་ཏུ་འདུག་པ་ཐུགས་དགེས་ཏེ། བདག་ཆེན་གྱི་དྲུང་དུ། བདག་སྒོ་རུམ་གྱི་ཕྱག་དཔེ་རྣམས་ལ་ལྟ་རྟོག་ཚར་གཅིག་བྱེད་འདོད་ལགས་པ། སྒོ་རུམ་གྱི་དཀོན་གཉེར་དང་འདྲིས་ཟབ་པོ་མེད་པས། བདག་ཆེན་གྱི་དྲུང་ནས་དཀོན་གཉེར་ལ། ཁོང་ཕྱག་དཔེ་རྣམས་ལྟ་རྟོག་ཚར་གཅིག་བྱེད་འདོད་པར་འདུག་པས། སྒོ་རུམ་དུ་བལྟ་ན་བལྟ་ས་ཡོད་པ་དང༌། གཞན་དུ་བལྟ་ན་དཔེ་ཆ་གཡར་པོ་གྱིས་གསུངས་པའི་ཞལ་ད་ཅིག་ཐུགས་རྗེས་འཛིན་པར་ཞུ་ཞེས་ཞུས་པས། དེ་བཞིན་བྱས་པས་ཆོག་གི་གསུངས་ནས། བདག་ཆེན་གྱི་དྲུང་དུ་དཀོན་གཉེར་བོས་ཏེ། དེ་བཞིན་གྱི་ཞལ་ད་གནང་བས། ཇི་ལྟར་དགོངས་པ་ལྟར་གྱི་གཡར་པོ་བྱུང་སྟེ། གུ་གེ་པཎྜི་ཏས་དགུ་རིམ་ཞེས་གསུངས་ཤིང་ཆོས་རྗེ་ས་པཎ་གྱིས་ཕྱག་དཔེ་ཁང་དུ་བཤད། པོད་གྲངས་སུམ་སྟོང་ཟིན་ཙམ་ལོ་གསུམ་གྱི་བར་དུ་རེས་སྒོ་རུམ་དུ་བྱོན་ནས་གཟིགས། རེས་གཞན་དུ་དཔེ་ཆ་གདན་དྲངས་ཏེ་གཟིགས་ནས། གཟིགས་རྟོག་མཐར་ཕྱིན་པར་མཛད་པས་སྤྱི་དང་བྱེ་བྲག་གི་གསུང་རབ་ཀྱི་དོན་ལ་ཐུགས་སྐྱེད་མཐའ་ཡས་པ་བྱུང་གསུངས་སོ། །གཞན་ཡང་འཕགས་པ་གཞོན་ནུ་བློ་གྲོས་པའི་དྲུང་དུ། ཧོར་དུས་ཀྱི་ཏ་ཧུན་གྱི་ཆོས་གོས་བེར་ཐུལ། གོས་ཡུག་གན་རྒྱ་མ་ཉམས་པ་སོགས་ཞབས་ཏོག་དང་བསྙེན་བཀུར་གྱིས་ཤིན་ཏུ་མཉེས་པར་མཛད་དེ། རྡོ་རྗེ་ཕྲེང་བའི་དབང་ཡོངས་སུ་རྫོགས་པ། ཕྲེང་བ་སྐོར་གསུམ་གྱི་ལུང༌། ཀྲྀ་ཡ་ས་མུཙྪའི་དབང༌། དཀྱིལ་ཆོག་གི་ལུང༌། གསང་འདུས་འཇམ་རྡོར། གཤིན་རྗེའི་གཤེད་དགྲ་ནག་རྭ་ལུགས། གདོང་དྲུག་རྭ་ལུགས། འཇིག་བྱེད་རོ་ལངས་བརྒྱད་སྐོར་རྭ་ལུགས། འཇིགས་བྱེད་བཅུ་གསུམ་མ། འཇིགས་བྱེད་ལྷ་ཞེ་དགུ་མ། གཤེད་དམར་ལྷ་ལྔ་མ། ལྷ་བཅུ་གསུམ་མ། དགྲ་ནག་ཞང་ལུགས། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་རྣམས་ཀྱི་དབང༌། སློབ་དཔོན་ནག་པོ་