R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༠༢
[A:༥༠༢] རིགས་གཏེར་ལ་སོགས་པ་དུ་མ་གསན་ནོ། །གཞན་ཡང་བདག་པོ་བླ་མ་ཆེན་པོ་ཀུན་དགའ་རྒྱལ་མཚན་པའི་དྲུང་དུ། ཀྱེ་རྡོར་ཌོཾ་བི་ལུགས། སྒྲོལ་མ་བཅུ་བདུན་མའི་དབང༌། ཆོས་རྗེ་དཔལ་ལྡན་བླ་མ་དམ་པས་མཛད་པའི་བཀའ་འབུམ་དུས་འཁོར་འགྲེལ་ཆེན་གྱི་འགྲེལ་བཤད་ཆེན་མོ་ལ་སོགས་པ་པུུ་སྟི་སུམ་ཅུ་སོ་ལྷག་ཅིག་གི་ལུང༌། ས་སྐྱ་པའི་དགེ་བཤེས་མང་པོ་ལ་མཛད་པ་ལས་ཕལ་ཆེ་བས་རྫོགས་པར་གསན་པ་མ་བྱུང༌། ཆོས་རྗེ་རིན་པོ་ཆེ་འདི་ཉིད་ནི་སྐུ་ན་གཞོན་ནུ་ནས། དོན་གཉེར་དང་ཐུགས་རྩོལ་གཞན་དང་མི་འདྲ་བས་ཡོངས་སུ་རྫོགས་པར་གསན་ནོ། །དེ་ནས་སྐུ་ན་གཞོན་ནུའི་དུས་སུ་ས་སྐྱ་ན་བཞུགས་པའི་དགེ་བའི་བཤེས་གཉེན་བཟང་བ་ཕལ་མོ་ཆེ་བའི་སྐུ་མདུན་དུ་བྱོན་ཏེ། གྲུབ་མཐའ་ཕྱག་ལེན་ལ་སོགས་པའི་དྲི་བ་དང༌། ཕྱག་དཔེའི་རིགས་སུ་ལ་ཅི་འདུག་གི་རྟོག་དཔྱོད་མཛད་པ་ན། ཟུར་ཁང་པའི་དགེ་བའི་བཤེས་གཉེན་དགེ་སློང་མགོན་པོ་དཔལ་ཞེས་བྱ་བ་ས་དཀར་ལོགས་ན་བཞུགས་པ་ཅིག་ཡོད་པ་ན་རེ། ས་སྐྱ་པའི་ཆོས་ལེགས་པོ་ཅིག་ཤེས་པར་འདོད་ན། བླ་མ་གོང་མའི་གསུང་རབ་བལྟ་རྟོག་ལེགས་པོ་བྱེད་དགོས་པ་ཡིན་གསུངས་པས། དེ་ལ་ཐུགས་ངེས་ཤེས་གཏིང་ནས་འདྲོངས་ཏེ། དེ་ཤིན་ཏུ་བདེན། ཅི་ནས་ཀྱང་དེ་ལྟ་བུ་ཅིག་བྱ་དགོས་སྙམ་དུ་དགོངས་ཏེ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་དྲུང་དུ་ཡང་འོ་སྐོལ་གྱི་བླ་མ་གོང་མའི་གསུང་རབ་འདི་ཚོ་དར་བ་བྱུང་ན། ས་སྐྱ་པའི་བསྟན་པ་ལ་ཁྱད་ཆེ་བར་གདའ་སྟེ་ཞེས་ཞུས་པས། དེ་བཞིན་ཅིས་ཀྱང་བྱེད་པས། ཁྱེད་ཀྱིས་ཀྱང་བླ་མ་གོང་མའི་དཔེ་ཆ་གང་ན་ཅི་འདུག་གི་རྩད་གཅོད་ལེགས་པོ་གྱིས་ཤིག་གསུང༌། ཁོང་པ་རང་གིས་སྔར་ལོ་དཔེ་རྡོར་བསོད་ཀྱི་ཊཱི་ཀའི་སྟེང་ནས་བརྟག་གཉིས་ལ་ཐུགས་སྦྱོངས་མཛད་པ། ཕྱིས་དག་ལྡན་ལ་བསྒྱུར་བ་སོགས་བླ་མ་གོང་མའི་གསུང་རབ་ལ་གཟིགས་རྟོགས་ལེགས་པོ་མཛད་ནས་བཤད་ཉན་གྱིས་གཏན་ལ་ཕབ་ཅིང༌། དག་ལྡན་ཁ་བསྐོང་ལ་སོགས་པའི་ཡིག་ཆ་བཟང་པོ་ཡང་མཛད་ནས། ས་སྐྱ་པའི་དགེ་