R37: རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་ལེགས་བཤད་ཆུ་བོ་འདུས་པའི་རྒྱ་མཚོ་ཡོན་ཏན་ཡིད་བཞིན་ནོར་བུའི་འབྱུང་གནས།

  • Pagination (Witness A): ༥༧༨
[A:༥༧༨]འབྱུང་གསུང་ངག་བསྟན་པ་རྒྱས་པའི་ཉི་འོད་ཀྱི་ཁ་སྐོང་ཀུན་མཁྱེན་གུང་རུ་དང་ཆོས་རྗེ་གོ་བོ་རབ་འབྱམས་པས་མཛད་པ་གཉིས་ཀྱིས་ཁ་སྐོང་དུ་བྱས་པ་ཞིག་གསུང་ངག་སྔོན་འགྲོར་ཅིས་ཀྱང་དགོས་པར་སྣང་བས་ཁོ་བོ་ཅག་གིས་ཀྱང་བར་ཆད་མ་བྱུང་ཞིང༌། མཐུན་རྐྱེན་རྟེན་འབྲེལ་འགྲིགས་ན་འདྲི་བར་སྤྲོ་ལ། གལ་ཏེ་མ་གྲུབ་ན་ཕྱི་ནས་འབྱོན་འགྱུར་དག་གིས་མཛད་པར་གསོལ་བ་འདེབས་སོ། །ཨེ་ཝཾ་ཆོས་ལྡན་རྡོ་རྗེའི་གདན་སྤོ་ལས། །ཕྲིན་ལས་འོད་སྟོང་ཕྱོགས་བརྒྱར་འགྱེད་མཁས་པའི། །ཆོས་ཀྱི་ཉིན་བྱེད་རིམ་པར་བྱོན་པ་རྣམས། །ངེས་པར་ཤཱཀྱའི་རྒྱལ་དང་བྱེ་བྲག་ཅི། །བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་རྣམས་ཀྱིས་ནི་རྒྱལ་བས་ལུང་བསྟན་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་རགས་པ་ཙམ་བསྟན་ཟིན་ཏོ།། །།དཔལ་ལྡན་ཁྱབ་བདག་རྡོ་རྗེ་འཆང་དབང་གི །དེ་རྟེན་སྟོན་པའི་ཡོན་ཏན་མཁའ་འདྲ་བ། །འཕགས་བློའི་མཁའ་ལྡིང་བགྲོད་པས་གཞལ་མིན་ན། །བློ་ཆུང་སྦྲང་བུའི་འདབ་མས་ག་ལ་ཞིག །འོན་ཀྱང་ཚུར་མཐོང་བྱིས་བློའི་ངོ་མཚར་གཏམ། །སྐྲ་རྩེའི་ཆུ་ཐིགས་ཙམ་ཞིག་གུས་འཐོར་བས། །ཕྱོགས་ལྷུང་ཚ་བའི་རིམས་ལ་ག་བུར་བཞིན། །དག་སྣང་བསིལ་བའི་དངོས་པོས་ཀུན་དགེར་ཤོག །ཨེ་ཝཾ་ཆོས་ལྡན་ལོངས་སྐུའིཞིང་མཆོག་འདིར། །ཕུན་ཚོགས་ལྔ་ལྡན་འབྱོར་པ་ཆེར་རྒྱས་ཤིང༌། །ཟུང་འཇུག་གསང་ཆེན་ཐེག་པའི་ཆོས་འཁོར་གྱིས། །འཁོར་བ་ཇི་སྲིད་གདུལ་བྱ་སྨིན་གྲོལ་ཤོག །ཡངས་པའི་འཇིག་རྟེན་ཁམས་ཀྱང་དུས་འཁྲུགས་སོགས། །སྙིགས་མའི་རྒུད་པ་ཀུན་ལས་རྣམ་གྲོལ་ཞིང༌། །བདེ་འབྱོར་དཔག་ཡས་དཀོན་མཆོག་རྣམ་གསུམ་གྱི། །ཐུགས་རྗེ་དཀར་པའི་སྣང་བས་ཁྱབ་པར་ཤོག །ཁོ་བོ་ཅག་ཀྱང་དེང་ནས་བྱང་ཆུབ་བར། །བཅོ་བརྒྱད་དལ་འབྱོར་སྡོམ་གསུམ་བསླབ་པས་བསྡམས། །ཐོས་བསམ་སྒོམ་པའི་ནོར་བུས་ཡོངས་བཀང་ནས། །རིས་མེད་འགྲོ་ལ་ཕན་བདེའི་བྱེད་པོར་ཤོག །ཁྱད་པར་ཚེ་འདིར་བསྟན་འགྲོར་ཕན་པ་ཡི། །ལས་འབྲེལ་ཡོད་ན་འགའ་རྐྱེན་ཀུན་ཞི་ཞིང༌། །མཐུན་