[A:༢༣] རྒྱ་དཔེ་རྣམས་འབུལ་བསམ་པ་དེ་རེས་མ་ཕུལ། འབུམ་བཅུ་བཞི་དུམ་གཅིག་ཕུལ། ཕྱིས་ཁོང་གི་སྲས་པོ་ཇོ་སྲས་འབར་བས་ཕུལ་ནས་ད་ལྟ་ས་སྐྱ་ན་ཡོད། དེའི་དྲིལ་བུ་ཡིན་ཟེར་བ་ཞིག་ཀྱང་རྗེ་པ་རུ་མཚམས་སུ་བྱོན་ཙ་ན་ཕྱག་ཏུ་བྱུང་ནས་ད་ལྟ་ས་སྐྱ་ན་ཡོད། ཇོ་བོའི་རྡོ་རྗེ་ཡིན་ཟེར་བ་ཞིག་ཀྱང་རུ་མཚམས་ན་སྔགས་པ་གཡུང་སྟོན་བྱ་བ་ཞིག་ལ་འདུག་པ་དེ་རྗེ་ལ་ཕུལ། བདག་ལ་གུར་ཚར་གཅིག་ཞུ་ཟེར་བས། ངས་ས་སྐྱ་མ་ཡིན་པར་བཤད་རྒྱུད་གཉེན་པོ་འདི་བཤད་མི་ནུས་གསུངས་ནས་མ་གནང༌། དེ་དང་པོ་རྩ་རྒྱུད་དང་བསྡོངས་པ་ལས་རྐྱང་པར་བཤད་ན་གཉན་པའི་སྟོབས་ཀྱིས་དེའི་འཕྲོ་ལ་དགེ་བཤེས་གྲོངས་པ་མང་པོ་བྱུང་གསུང༌། ཕྱིས་ཐུགས་འགྱོད་ནས་དེ་ཙམ་ན་ཡི་གེ་བརྒྱ་པའི་ཐུན་འདྲ་བྱས་ནས་ཚར་གཅིག་བཤད་དེ་རྡོ་རྗེ་དེ་ལེན་པ་ཡིན་པ་ལ་གསུངས་སོ།།
༈ གསུམ་པ་བླ་མ་ཆེན་པོའི་ཡོན་ཏན་གྱི་ཁྱད་པར་ནི། དེ་ལྟ་བུའི་རྗེ་ག་ཡ་དྷ་ར་ལས་གསུང་ངག་རིན་པོ་ཆེའི་མཛོད་བརྙེས་པའི་རྗེ་མུ་གུ་ལུང་པ་དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་མངའ་ན། སྤྱིར་གནས་ལྔ་རིག་པའི་པཎྜི་ཏ་ཆེན་པོ་ཡིན། བསྐྱེད་པའི་རིམ་པ་ལ་བརྟན་པ་ཐོབ་སྟེ་ལུས་གཅིག་ལས་གཉིས་སུ་སྤྲུལ་པ་དང༌། སྦྱིན་སྲེག་གི་ཐབ་ལས་ཡོ་བྱད་ལེན་ནུས། རླུང་གི་ནུས་པས་ནམ་མཁའ་ལ་སྐྱིལ་ཀྲུང་འཆའ་བ་དང༌། བསམ་ན་ཤེས་པའི་མངོན་ཤེས་ཡོད། འཕོ་བའང་གྲོང་འཇུག་བྱེད་ནུས་ཏེ། སྐུ་འདའ་ཁར་ངའི་རོ་འདི་ཞག་བདུན་པར་མ་སྒུལ་བར་ཞོག །དེ་ནས་ངའི་རིག་པ་ཕུང་པོ་འདི་ཉིད་ལ་ཞུགས་ནས་ལམ་གྱི་ལྷག་མ་རྣམས་བགྲོད་ནས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པར་བྱེད་དོ་གསུངས་པ་ལ། སྲས་པོ་མ་སྨད་རྣམས་ཀྱིས་གསུང་ལ་མ་ཉན་པར་ཚོས་ལྟང་གི་མེ་ལ་ཕུལ་ལོ། །