R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 58b
[B:58b]ལས་བྱུང་བའོ། ། དེའི་སྟེང་ན་རྫུ་འཕྲུལ་གྱི་རྐང་པ་བཞིའི་སྣང་བརྙན་བང་རིམ་གསུམ་པའི་ཕྱོགས་བཞིའི་དབུས་ཀྱི་བབ་ལེའི་ཁྱིམས་རྣམས་ལ། དཔལ་རིགས་ཐམས་ཅད་བསྡུས་པའི་ཀྱེ་རྡོ་རྗེའི་ཕྱོགས་བཞིའི་མཁའ་འགྲོ་མ་ཆོས་ཐམས་ཅད་མངོན་སུམ་དུ་གཅིག་ཅར་གཟིགས་པའི་[A:195]སྤྱན་དང་ལྡན་ཞིང་། སངས་རྒྱས་རྟག་པའི་ལྷན་ཅིག་སྤྱོད་པ་མོ་རྡོ་རྗེ་སྤྱན་མ་དང་། ཤེས་རབ་མཆོག་གི་རིན་པོ་ཆེའི་སྒྲོན་མ་རབ་ཏུ་འབར་བས་མི་ཤེས་པའི་མུན་པའི་གདུང་བ་རྩ་ནས་དྲུངས་ཕྱུངས་བ་མོ། ཡན་ལག་བདུན་གྱི་ཤིང་རྟས་ལེགས་པར་དྲངས་ནས་འཁོར་འདས་ཀྱི་གནས་ཀྱི་གནས་ཐམས་ཅད་དུ་འོད་ཟེར་སྟོང་གི་ཕྲེང་བ་འཁྲིགས་པས་བདུད་དང་བདུད་ཀྱི་ཕྱོགས་སུ་གྱུར་པའི་སྐར་མའི་འོད་མི་སྣང་བ་དང་། ཉོན་མོངས་པའི་འདམ་སྐེམ་པ་དང་། ལས་ཀྱི་མུན་པ་རིང་སོང་བ་མེད་པར་བཅོམ་པ་སྟེ། ཁྱད་པར་དུ་མ་དང་ལྡན་པ་རྡོ་རྗེ་ཉི་མའི་དཔའ་བོ་མཆོད་པའི་དཔལ་མོ་རིན་ཆེན་སྒྲོལ་མ་དང་། པདྨའི་རྩ་བ་དང་དུང་དང་ཀུནྡ་ལྟར་དཀར་བའི་བླ་གོས་དང་། ཤམ་ཐབས་ལྷབ་ལྷུབ་རྣམ་པར་གཡོ་བའི་མཚན་ཅན་རྡོ་རྗེ་རིག་མ་བཅུ་དྲུག་ལོན་པའི་ལང་ཚོ་ཅན། བདེ་བ་ཆེན་པོ་མཆོག་གི་རོལ་རྩེད་ཆོས་ཀྱི་དབྱིངས་མ་ལུས་ཤིང་ལུས་པ་མེད་པར་རྒྱས་པར་འགེངས་པའི་གར་མཁན་མ་པདྨ་རཱ་གའི་འོད་རིས་ཅན་པདྨ་གར་དབང་མཆོད་པའི་གཞོན་ནུ་མ་ན་བཟའ་དཀར་མོ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་སུ་ལྷུང་བའི་ཆུ་བོ་ཆེན་པོ་ལས་[A:196]སྒྲོལ་བའི་ཐུགས་རྗེ་ཚད་མེད་པའི་གྲུ་མཁན་མ། མཐོ་རིས་གཉིས་པའི་གཞོན་པར་བསྔགས་པ་རྟ་མཆོག་རྣམ་པར་བཞད་པའི་ཞལ་ཅན་རྡོ་རྗེ་རྟ་རྒྱལ་དགྱེས་པའི་དབང་མོ་དམ་ཚིག་སྒྲོལ་མ་རྣམས་ཀྱི་ལག་རྟགས་བདུད་བཞིའི་ཁྲག་གསར་པའི་རྒྱུན་འཛག་པའི་རྡོ་རྗེ་གྲི་གུག་གིས་བརྒྱན་པ། དེ་དག་གི་གཡས་གཡོན་གྱི་བབ་ལེའི་ཁྱིམ་དུ་ཤེས་བྱའི་དཀྱིལ་འཁོར་མ་ལུས་པའི་གཟུགས་བརྙན་མ་འདྲེས་པར་འཆར་བའི་ཡེ་ཤེས་ཀྱི་མེ་ལོང་དམ་པ་དང་། དུག་གསུམ་གྱི་ནད་རྩ་བ་ནས་སེལ་བའི་ལུང་དང་རྟོགས་པའི་ཆོས་ཀྱི་སྨན་འགིའུ་ཝང་གིས་གང་བའི་རིན་པོ་ཆེའི་ཕོར་བུ་དང་། བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་བཅུད་ཀྱི་སྙིང་པོ་ཞོས་གང་བའི་པདྨ་བྷཱཉྫ་