R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༣༠༠
[A:༣༠༠]གྲགས་དོན་པ། ཆོས་རྗེ་པ། དེས་བདག་ལའོ། །ཡང་སྒྲུབ་ཐབས་ཚིག་གི་སྣང་བ་གྲུབ་པ་དང༌། གཤིན་རྗེ་གཤེད་ནག་པོའི་དཀྱིལ་འཁོར་སྒྲུབ་པའི་ཐབས་འདི་དཀྱིལ་ཆོག་ཡིན། དྷ་ན་ཀཱིརྟི་དང༌། ཚུལ་ཁྲིམས་རྒྱལ་བའི་འགྱུར་གཉིས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཡེ་ཤེས་མཁའ་འགྲོ། དཔལ་འཛིན། ཏཻ་ལོ་པ། ནཱ་རོ་པ། པྲ་ཛྙཱ་རཀྵི་ཏ། མེཉྫ་གླིང་པ། ཡང༌། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཡེ་ཤེས་འབྱུང་གནས་སྦས་པ། པད་མ་བཛྲ། བལ་པོ་ཐུགས་རྗེ་ཆེན་པོ། ཡེ་རང་པ། མེཉྫ་གླིང་པ་གསུམ་ལ་རྭ་རྡོ་རྗེ་གྲགས་ཀྱིས་ཞུས། དེ་ལ་རྭ་ཆོས་རབ། དྷརྨྨ་སེང་གེ རྭ་དཀོན་མཆོག་སེང་གེ ཤེས་རབ་རྒྱལ་མཚན། དབང་ཕྱུག་རྒྱལ་མཚན། རྒྱ་སྟོན་ཀུན་དགའ་བརྩོན་འགྲུས། མཁན་ཆེན་དྭངས་མ་བ། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་བདག་གོ། ༈ །དཔལ་གཤིན་རྗེ་གཤེད་དགྲ་ནག་པོའི་སྒྲུབ་ཐབས་འཁོར་ལོའི་དོན་རྒྱས་པར་བཤད་པ། སློབ་དཔོན་མི་བསྐྱོད་རྡོ་རྗེས་མཛད་པ་བི་ན་ཡ་ཙནྡྲ་དང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་ཀྱི་སྒྲུབ་ཐབས་དཔལ་འཛིན་གྱིས་མཛད་པ། རྣམ་པར་སྣང་མཛད་བསྲུང་བ་བ་རི་ཆོས་ཀྱི་གྲགས་པས་བསྒྱུར་བའི་བརྒྱུད་པ་ནི། རྡོ་རྗེ་འཇིགས་བྱེད། ཕྱག་ན་རྡོ་རྗེ། ཡེ་ཤེས་མཁའ་འགྲོ། ལ་ལི་ཏ་བཛྲ། ཨ་མོ་གྷ་བཛྲ། ཁ་ཆེ་སྦས་པའི་དཔལ། པདྨ་བཛྲ། སུ་མ་ཏི་ཀཱིརྟི། མལ་གྱོ། ས་ཆེན་པ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། ཆོས་རྗེ་ས་པཎ། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་ཆེན་རྒྱལ་མཚན་ནོ། །ཡང༌། ས་ཆེན་པ། རྟ་སྟག་སོ་བ། གན་པ་སྟོན་དར། ཤེས་རབ་བློ་གྲོས། ཆོས་རྒྱལ། ཆོས་རིན། རིན་ཆེན་རྒྱལ་མཚན། མཁན་ཆེན་ཤེས་རྡོར་བ། བླ་མ་ཆོས་དཔལ་ཤེས་རབ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་པ། དེས་