R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༨༢
[A:༡༨༢]པཎྜི་ཏ། བསོད་ནམས་སེང་གེ སངས་རྒྱས་འབུམ། སངས་རྒྱས་སྲས། བག་སྟོན་པ། སངས་རྒྱས་དཔལ། སེང་རྒྱལ། གར་ཐིག་པ། མཁན་ཆེན་མན་གོང་བཞིན་ནོ།། ༈ །གསུམ་པ་རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལ། མི་སྐྱོད་པ་དང༌། རྣམ་སྣང་དང༌། རིན་འབྱུང་དང༌། འོད་དཔག་མེད་དང༌། དོན་ཡོད་གྲུབ་པ་དང༌། དྲུག་པ་རྡོ་རྗེ་འཆང་གི་རིགས་གཙོ་བོར་སྟོན་པའི་རྒྱུད་ང་དྲུག་ལས་དང་པོ་ལ། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་ལེའུ་བཅུ་བདུན་པ། པཎྜི་ཏ་ཤྲཱདྡྷ་ཀཱ་ར་ཝརྨྨ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ། འདི་ལ་གཙོ་བོ་འཕོ་བའི་དབྱེ་བས་དཀྱིལ་འཁོར་སུམ་ཅུ་རྩ་གཉིས་སུ་འཕགས་སྐོར་བ་རྣམས་བཞེད་དོ། །རྒྱུད་འདི་ཉིད། ཕ་ཆོས་ཀྱི་རྗེ་ལས་ཐོབ་མོད། འོན་ཀྱང་རྒྱུད་པའི་སླད་དུ། སླར་མཉན་པའི་རྒྱུད་པ་ནི། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ཀླུ་སྒྲུབ། ཨཱརྻ་དེ་བ། ཀླུའི་བྱང་ཆུབ། ཤཱཀྱ་བཤེས་གཉེན། རོལ་པའི་རྡོ་རྗེ། རྡོ་རྗེ་དྲིལ་བུ་པ། ཛ་ལནྡྷ་ར་པ། ཌོཾ་བྷི་ཧེ་རུ་ཀ བཻ་ར་ཌི་པ། མ་ཏངྐི་པ། ནིསྐ་ལངྐ་དེ་བ། རེ་ཝནྡྲེ་བྷ་དྲ། ཆག་ལོ་ཙཱ་བ། འཛིམས་པ་འཇམ་དབྱངས་ཆེན་པོ། བདེ་བ་ཅན་པ་ཡེས་མགོན། གར་ཐིག་པ་བསོད་རྒྱལ། མཁན་ཆེན་ཤེས་རྡོར་བ་མན་འདྲ། དེའི་རྒྱུད་ཕྱི་མ་ལེའུ་བཅོ་བརྒྱད་པ། འགྱུར་དང༌། རྒྱུད་པ་གོང་བཞིན་ནོ། །གསང་བ་འདུས་པའི་བཤད་རྒྱུད། དགོངས་པ་ལུང་སྟོན་ལེའུ་བཅུ་གཉིས་པ་འགྱུར་སྔར་བཞིན་ནོ། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་མངོན་པར་བརྗོད་པ། རྣལ་འབྱོར་ཆེན་པོའི་རྒྱུད་ཐམས་ཅད་ཀྱི་སྙིང་པོ་གསང་བ་རྣམ་པར་ཕྱེ་བ་ཞེས་བྱ་བ་ལེའུ་དྲུག་ཅུ་རྩ་བརྒྱད་པ། པཎྜི་ཏ་སུ་ཛྙཱ་ན་ཤྲཱི་དང༌། ལོ་ཙཱ་བ་ལྷ་བླ་མ་ཞི་བ་འོད་ཀྱིས་བསྒྱུར་བ་ལས། སླད་ཀྱི་ཁ་ཆེའི་པཎྜི་ཏ་རཏྣ་བཛྲ་དང༌། བླ་མ་གཉའ་ནམ་པས་བཅོས་ཤིང་གཏན་ལ་ཕབ་པའོ། །འདི་ལ་དངོས་སུ་དཀྱིལ་འཁོར་གཅིག་ཡོད་དོ། །ལྷ་མོ་བཞིས་ཡོངས་སུ་ཞུས་