R138: རྗེ་བཙུན་རྡོ་རྗེ་གདན་པ་ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་གསན་ཡིག་ཡོངས་སུ་རྫོགས་པ།

  • Pagination (Witness A): ༡༦༡
[A:༡༦༡]སྟོན་ཡེས་འབར། གཉན་ཚུལ་ཁྲིམས་འབར། ཐོད་པ་དབེན་ཚ་གྲགས། ཇོ་ཕུར་གཉིས་ལ་མཁས་པ་འོད་ཟེར་གྲགས། རོང་པ་ཆོས་མགོན། ལོ་ཙཱ་བ་མཆོག་ལྡན་ལེགས་པའི་བློ་གྲོས། བླ་མ་དཔལ་ལྡན་སེང་གེ བུ་སྟོན་རིན་པོ་ཆེ། དེ་ལྟར་བརྒྱུད་པ་ཐ་དད་པ་རྣམས་བུ་སྟོན་ཆོས་རྗེས་གསན་ནས། ལོ་ཙཱ་བ་རིན་ཆེན་རྣམ་རྒྱལ། རིན་པོ་ཆེ་གྲགས་པ་རྒྱལ་མཚན། རྗེ་ཡེ་ཤེས་རྒྱ་མཚོ། དེས་བདག་ལའོ། ༈ །ཡང་ན། སངས་རྒྱས། རྡོ་རྗེ་སྙིང་པོ། ཨིནྡྲ་བོདྡྷི་ཆེ་བ། བི་ན་ཤྲཱི། ཨིནྡྲ་བོདྡྷི་བར་པ། ལྕམ་ལཀྵྨི་ཀཱ་ར། པདྨ་བཛྲ། ཀླུ་སྒྲུབ། ཨཱརྻ་དེ་ཝ། ནཱ་ག་བོདྡྷི། དགེ་སློང་ཨ་མོ་གྷ་པཱ་ཤཱ། རྣལ་འབྱོར་མ་ཀཱ་མ་ལ་བ་ཏི། ནོར་བུ་གླིང་པ། བདེ་བའི་རྡོ་རྗེ། བྲིཾ་ཀ་ར་ཝ་ཏི། རིན་ཆེན་རྡོ་རྗེ། ཁ་ཆེ་ཛྙཱ་ན་ཤྲཱི། ཟངས་དཀར་སུམ་སྟོན་ཡེ་འབར་བ་མན་སྔར་བཞིན། ཡང་ན། བདེ་བའི་རྡོ་རྗེ་ནས། དཔའ་བོ་རྡོ་རྗེ། ལོ་ཆེན་མན་སྔར་བཞིན་ནོ། །དཔལ་མཆོག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུད་ཀྱི་དུམ་བུ་དང་པོ་ལས་གསུངས་པ། དཔལ་མཆོག་རིགས་བསྡུས་པའི་དཀྱིལ་འཁོར་ཆེན་པོ་གཞི་དཀྱིལ་སྒོ་ཉིས་སྦག་ལ་སྒོ་བསྲུངས་འཁོར་ལོས་བསྒྱུར་བ་བརྒྱད། ནང་དཀྱིལ་དབུས་མར་རྡོ་རྗེ་སེམས་དཔའ་ལྷ་སོ་གསུམ། འཇིག་རྟེན་པ་ཞེ་བཞི། ཤར་མར་ཧཱུྃ་མཛད་ལྷ་དགུ། འཇིག་རྟེན་པ་ཞེ་གཉིས། མཚམས་མ་བཞི། ལྷོ་མར་ནམ་སྙིང་ལྷ་དགུ། མཚན་མ་བརྒྱད། ནུབ་མར་སྤྱན་རས་གཟིགས་ལྷ་བཅུ་བདུན། ཤར་ལྷོར་འཇམ་དཔལ་ལྷ་དགུ་མཚན་མ་བརྒྱད། ལྷོ་ནུབ་ཏུ་ནམ་མཁའ་མཛོད་ལྷ་བཅུ་གསུམ། མཚན་མ་བཞི། ནུབ་བྱང་དུ་རྡོ་རྗེ་འཁོར་ལོ་ལྷ་བཅུ་གསུམ། དེའི་གྲྭ་བཞིར་ཡང་ཤར་ལྷོར་ཞི་བ་མདུང༌། ལྷོ་ནུབ་ཏུ་མིང་པོ་གསུམ། ནུབ་བྱང་དུ་སྲིང་མོ་བཞི། བྱང་ཤར་དུ་ནག་པོ་ཆེན་པོ་རྣམས་ཀྱི་དཀྱིལ་འཁོར་རོ། །ལྷ་གྲངས་གཞི་དཀྱིལ་གྱི་འཇིག་རྟེན་པ་བཞིའི་ལྟ་བུ། བྱང་ཤར་