R137: ཀུན་མཁྱེན་བཀྲ་ཤིས་རྣམ་རྒྱལ་གྱི་རྣམ་པར་མཐར་པ་ངོ་མཚར་གྱི་རྒྱ་མཚོ།

  • Pagination (Witness A): ༥ན
[A:༥ན]སོགས་པ་སྔོན་གྱི་བག་ཆགས་སད་པའམ། མ་འོངས་པའི་མཛད་པ་ལུང་སྟོན་པའི་རྣམ་པ་ངོ་མཚར་བའི་སྤྱོད་པ་འབའ་ཞིག་མཛད་དོ། ། གཞན་ལ་ཕན་བདེ་བསྐྲུན་པའི་བྱེད་པོ་ཁྱོད། ། ཡུམ་གྱི་གེ་སར་རྩེ་མོར་འཁྲུངས་པའི་ཚེ། ། ཚད་མེད་རྣམ་བཞིའི་ཞལ་གྱི་འཛུམ་དཀར་དེས། ། འགྲོ་ཀུན་ཚངས་པའི་བདེ་ལ་རབ་ཏུ་སྦྱར། ། སྔགས་སྐྱེས་དཔའ་བོའི་དབང་ཕྱུག་གང་གི་མཚན། ། རིགས་དང་རྗེས་སུ་མཐུན་པར་ཡབ་ཀྱིས་[C:263]གསོལ། ། ཚངས་དབྱངས་གསུང་གི་དང་པོར་བླ་མ་ཞེས། ། སྙན་འཇེབས་ངོ་མཚར་གཏམ་འདི་ཕྱོགས་བཅུར་བསྒྲགས། ། བྱིས་པའི་ངང་ཚུལ་རྩེད་མོ་ལ་སྤྱོད་ཀྱང་། ། སྔོན་དང་ཕྱི་མའི་རྣམ་ཐར་འདི་ཡིན་ཞེས། ། རང་གི་མཛད་བཟང་མཚོན་པའི་བརྡ་སྟོན་པ། ། འདི་ལས་ངོ་མཚར་གནས་སུ་གྱུར་པ་སུ། ། གཞན་ཡང་བྱམས་པ་དང་སྙིང་རྗེས་ཐུགས་རྒྱུད་གཏམས་པའི་དབང་ལས། ངན་ལོང་དང་སྤྲང་པོའི་ཚོགས་གཟིགས་མ་ཐག་སྙིང་རྗེའི་སྤུ་ལོང་རབ་ཏུ་གཡོ་བའི་ཞལ་རས་ཀྱི་མདངས་འགྱུར་བ་སོགས་སྐུའི་རྣམ་འགྱུར་ལས་ཀྱང་ཡང་དག་པའི་རིགས་སད་པར་རྗེས་སུ་དཔག་པར་ནུས་ལ། སྐུ་སྐྱེ་བ་དཔག་ཏུ་མེད་པ་ནས་སྦྱིན་པ་ལ་གོམས་པ་ཕུལ་དུ་བྱུང་བའི་རྣམ་འགྱུར། [B:༡༥] ན་བཟའ་དང་ཕྱགས་ལ་སོགས་པ་སྐུའི་རིམ་གྲོ་པས་བཟློག་ཀྱང་མི་གསན་པར་སྤྲང་པོ་སོགས་འཕོངས་པ་རྣམས་ལ་འཕངས་པ་མེད་པར་གནང༌། ན་བཟའ་གཅིག་ལས་མ་བཞེས་པའི་སྐབས་ལ་ལར། མདུན་བཤམ་འོག་མ་དང་ཆ་གའི་ནང་དང་མགུལ་གོང་གི་ནང་སོགས་བྲེགས་ནས་གནང་བ། ཡབ་ཡུམ་གྱིས་གྱ་ཚོམས་ཀྱི་སྤྱོད་པ་ལས་བཟློག་པའི་ཐབས་སུ་ན་བཟའ་གསར་པ་བཞེས་པ་བཀག་ཀྱང༌། ཧྲུལ་པོ་བཞེས་པ་ལ་ངལ་བའི་