R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༤༤བ
[A:༡༤༤བ]བཞི་སྟེ། བྱིན་རླབས་ཆུ་བོའི་རྒྱུན་དང་འདྲ་བའི་བཀའ་མ་ནུབ་པ། གདམས་ངག་གསེར་འགྱུར་གྱི་རྩི་དང་འདྲ་བའི་སརྒ་མ་ལོག་པ། བསྙེན་བཀུར་ལྷ་འདོད་ཡོན་ལ་ལོངས་སྤྱོད་པ་ལྟ་བུའི་དཔལ་འབྱོར་གྱི་རྒྱུན་མ་ཉམས་པ། མོས་གུས་གཞོན་ནུའི་དགའ་བ་དང་འདྲ་བའི་བསམ་པ་ཚིམ་པའོ། །དང་པོ་ལ་དབང་གི་བཀའ་མ་ནུབ་པ་དང་། རྗེས་གནང་གི་བཀའ་མ་ནུབ་པ་གཉིས་ལས། དང་པོ་དབང་གི་བཀའ་མ་ནུབ་པ་ནི། ཐེག་ཆེན་ཆོས་རྗེ་དང་། རྫོང་པ་ཀུན་དགའ་རྒྱལ་མཚན་པས་ལྷ་བརྒྱད་མ་བཅུ་གཉིས་མ། བཅུ་བདུན་མ་སོགས་ལ་ཐུན་མོང་དུ་དབང་གི་ཆོ་གའི་ཡིག་སྣ་མགོན་པོ་རྣམ་རོལ་ཞེས་བྱ་བ་མཛད་ཅིང་། ཕྱག་ལེན་གྱི་སྒོ་ནས་ཀྱང་དར་རྒྱས་སུ་མཛད་པ་ཡིན་ལ། དིང་སང་ཡང་དབང་དེ་གསུམ་གྱི་རྒྱུན་དང་གཞན་ཡང་གྲི་གུག་ལྷ་ལྔ་ལ་དབང་གཉིས་དང་བཅས་པས་མགོན་པོའི་དཀྱིལ་འཁོར་ལྔའི་དབང་རྒྱུན་མ་ནུབ་པར་ཡོད་པ་ཡིན་ནོ། །དེ་དག་གི་ཁུངས་ཀྱང་གྲི་གུག་ལྷ་ལྔ་པ་