R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༥༧བ
[A:༥༧བ]བཞེས་པ་ཡིན་ལ། དེ་ནས་སློབ་དཔོན་རྣམ་གསུམ་གྱིས་དམ་ལ་བཏགས་ཚུལ་ནི་སྔོན་གྱི་དུས་སུ་སློབ་དཔོན་དྷ་ན་སངྐྲི་ཏ་ལ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས། བདག་རྒྱ་དང་བོད་ཀྱི་མཚམས་མཐའ་འཁོབ་ཀྱི་གནས་སུ་ཕྱིན་ནས་གདུལ་བྱའི་ཞིང་དུ་གྱུར་པའི་གདུལ་བྱ་རྣམས་འདུལ་བར་བསམ་ལགས་ན། དེ་རྣམས་འདུལ་བའི་དུས་ལ་ཇི་ལྟར་བབ་ཞུས་པས། བབས་པར་ལུང་བསྟན་ནས། དེ་ནས་སློབ་དཔོན་པདྨས་བལ་ཡུལ་ཡང་ལེ་ཤོད་ཀྱི་བྲག་ཕུག་ཏུ་བྱོན་ཏེ། བལ་མོ་ཤཱཀྱ་དེ་ཝ་གཟུངས་མར་དབང་བསྐུར་ནས། བཅོམ་ལྡན་འདས་ཡང་དག་མར་མེ་དགུ་པའི་སྒྲུབ་པ་མཛད་པས། མི་མ་ཡིན་གྱི་གཙོ་མོ་རྒོད་མ་ཁ་བྱ་བ་དང་། བྱི་དུར་བྱ་བ་དང་། བར་སྣང་གི་གློག་མ་སྤྲིན་བྱ་བ་གསུམ་གྱིས་བར་ཆད་ཀྱི་ཆོ་འཕྲུལ་སྣ་ཚོགས་བརྩམས་པ་ལ། སློབ་དཔོན་པདྨའི་དགོངས་པས་ང་ཕྱག་ཆེན་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་འབྱུང་པོ་འདི་རྣམས་ཀྱིས་བར་ཆད་བྱེད་པར་འདུག་པས། འདི་རྣམས་འདུལ་བའི་དུས་ལ་མ་བབས་པ་ཡིན་ནམ་