R127: ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད།

  • Pagination (Witness A): ༢༡༠ན
[A:༢༡༠ན]ལོ་དེ་ལས་མཆེད་པ་རྣམས་ལ་ཇོ་ལུགས་སུ་གྲགས་སོ། །དུས་འཁོར་ལུགས་གཞན་ནི། དུས་ཞབས་པའི་སློབ་མ་ཤྲཱི་བྷ་དྲ་བོ་དྷིས། གྱི་ཇོ་ཟླ་བའི་འོད་ཟེར། དེས་དུས་འཁོར་གྱི་བཤད་པ་ཡུན་རིང་པོ་མཛད་ཀྱང་། སློབ་མ་དུས་འཁོར་ཤེས་པ་བཞི་ལས་མ་བྱུང་། དེ་དག་གིས་བཤད་ཀ་མ་ཟིན། དཱ་ན་ཤྲཱིའི་སློབ་མ་རྨ་དགེ་བློ། མདའ་འོད་བློ་སྙིང་། བྱང་ཤེ་སོགས་ཀྱིས་བཤད་ཀ་མ་ཚུགས། ཨ་བྷྱའི་སློབ་མ་ཁེ་གད་འཁོར་ལོ་གྲགས། རྒ་ལོ། རོ་ལིངས་ལོ་ཙཱ། སྟེང་པ་ལོ་ཙཱ་སོགས་ཀྱིས་བཤད་ཀ་མ་ཚུགས། སེ་ལོས་རྩ་མི་ལོ་ཙཱ་བ་སངས་རྒྱས་གྲགས་ལ་ཞུས་ནས་གཉོས་འོད་ལ་གནང་། དེ་ནས་རིམ་གྱིས་བརྒྱུད་དེ་རྩ་མི་ལུགས་ཀྱི་བཤད་ཀ་བྱུང་། དེ་ལྟར་དུས་ཀྱི་འཁོར་ལོར་འགྱུར་མི་གཅིག་པ་ཉི་ཤུ་རྩ་ལྔ་ཙམ་ཡོད་ལ་བོད་དུ་དར་བར་གྱུར་ཏོ། །རྩ་མི་ལོ་ཙཱ་བ་འདི་འཁྲུངས་ཡུལ་མི་ཉག་གི་ཕུ་རྩ་མི་ཤིང་མི་བ་ཡིན་པས་མཚན་དེ་ལྟར་ཐོགས། རྡོ་རྗེ་གདན་པ་ཆེན་པོའི་སློབ་མ། གདན་པ་ཆུང་བ་དང་ཕར་ཞུ་ཚུར་ཞུ། བོད་མི་རྒྱ་གར་དུ་ཕྱིན་པ་ལ་འཕྲིན་ལས་ཆེ། རྒ་ལོ་གཞོན་ནུ་དཔལ་ཡང་རྒྱ་གར་དུ་གྲུབ་ཐོབ་ཀྱི་གྲགས་པ་ཐོན། བོད་དུ་ཆོས་སྐྱོང་ཕྱག་བཞིའི་སྐོར་ལ་ཁོང་དང་སྟེང་ལོ། ཁེ་གད་རྣམས་སྐུ་དྲིན་ཆེ། བོ་དོང་རིན་རྩེའི་སློབ་མ་སྟག་སྡེ་པ་སེངྒེ་རྒྱལ་མཚན། དེ་ལ་མཁས་པ་ཤོང་སྐུ་མཆེད་དང་དཔང་ལོས་གཏུགས་པ་ཤོང་སྟོན་ནི། སྦྱིན་ལུང་ཤར་ཁའི་བོང་ར་ཞེས་པར་འཁྲུངས་མཚན་རྡོ་རྗེ་རྒྱལ་མཚན། སྟག་སྡེ་པར་ཕར་ཚད་མངོན་པ། དུས་འཁོར་འགྲོ་ལུགས་གསན། ཨུ་རྒྱན་པའི་གཅེན་པོ་གོ་ལུང་པ་མདོ་སྡེ་དཔལ་རྒྱལ་མཚན་ལའང་དུས་འཁོར་སོགས་སྔགས་མང་དུ་གསན་ཞིང་། བླ་མ་འཕགས་པ་བོད་དུ་བྱོན་པ་ན། བསྟོད་པ་ཚིགས་སུ་བཅད་པ་ཚིག་རྒྱན་གྱིས་མཛེས་པ་ཕུལ། ལོ་ཙཱ་སློབ་ཏུ་འགྲོ་བར་ཞུས་པས། དེ་ལྟ་བུའི་བློ་སྐྱེ་བ་བཟང་། གཞུང་ལུགས་གསར་པ་བསྒྱུར་ནུས་པ་འོང་བར་དཀའ་སྟེ། པཎྜྻི་ཏ་ལ་སློབ་གཉེར་དྲི་གཏུགས་ལེགས་པར་གྱིས། ཁོ་བོ་ཀྱང་ཆོས་རྗེ་བསྟེན་ཡུན་ཐུང་པས་སྡེབ་སྦྱོར་མེ་ཏོག་གི་ཆུན་པོ་དང་། ཚིག་གཏེར་ལ་སོགས་པ་ཚུལ་བཞིན་དུ་མི་ཤེས་པར་སྣང་བས། འདི་དག་ཤེས་པ་ཞིག་ཅི་ནས་ཀྱང་གྱིས་ཤིག དེ་དག་གི་དཔེ་དང་གསེར་སྲང་ལྔ། དར་ཡུག་བཅུ་རྣམས་གནང་། བལ་ཡུལ་དུ་བྱོན་ནས་པཎྜྻི་ཏ་ལཀྵཱིཾ་ལ་སོགས་པ་བསྟེན་ཏེ། རིག་པའི་གནས་ཆུང་བ་ལྔ་ལ་སྦྱངས། ཁྱད་པར་སྒྲ་རིག་ཕུལ་དུ་ཕྱིན། ས་སྐྱར་བྱོན་དུས་འཁོར་འགྲེལ་པ་དང་བཅས་པའི་འགྱུར་མཛད།