R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༩བ
[A:༢༩བ] མོ་དངོས་གྲུབ་ཀྱི་མཚན་མའི་ལུང་བསྟན་བྱུང་པ་བཞིན། དེ་ནང་མཚམས་འུར་འདོན་མཛད་བྱོན་པ་ན། མེ་ཏོག་ཆེན་པོ་གསུམ་འདུག་པའི་གཉིས་རྗེ་པ་རང་གིས་ཐོབ། གཅིག་མཚམས་གཡོག་པ་བླ་མ་སང་རིན་བྱ་བ་ལ་ཤོས། དེ་ནས་རྗེས་སུ་བཟུང་པར་གྲགས་ཟེར། དྲུང་རང་དུ་ཞུས་དུས། ཐང་ཀ་ལ་བྲིས་འདུག་པ་ནི་མང་པོ་མཐོང་གསུང་པ་ལས། ཆེས་ཟབ་པའི་རྣམ་ཐར་ནི། ཤིན་ཏུ་སྦ་བ་ལ་གཙོ་བོར་མཛད་པའི་ཕྱིར། བདག་ལ་ནི་རྗོད་རྒྱུ་མེད་དོ། སྦྱོར་དྲུག་ཆོས་དྲུག་ལམ་འབྲས་ནི་གུ་དང། རིམ་ལྔ་ལ་སོགས་རྫོགས་རིམ་ཟབ་དགུ་རྣམས། སྦས་པའི་ཚུལ་གྱིས་ཉམས་ལེན་མཐར་ཕྱིན་ནས། གཞན་དོན་གཙོ་མཛད་ཆོས་རྗེའི་ཞབས་ལ་འདུད། དེའང་ཉམས་ལེན་མཐར་ཕྱིན་པའི་ཚུལ་ནི། རིམ་པས་སྔར་རྗོད་ཟིན་ལ། གཞན་དོན་གཙོ་བོར་མཛད་པ་ནི། སྐུ་ཚེའི་འཇུག་མྱ་ངན་ལས་འདའ་ཁ་ཡན་ཆད། སྦྱོར་དྲུག། རིམ་ལྔ་ལམ་འབྲས། ན་རོ་ཆོས་དྲུག། ནི་གུ་ཆོས་དྲུག། ཨུ་རྒྱན་བསྙེན་བསྒྲུབ། བདེ་མཆོག་རིམ་ལྔ། དམར་ཁྲིད། རོ་སྙོམས། རི་ཆོས། ལྷ་ཁྲིད། བློ་སྦྱོང། སྙིང་པོ་དོན་གསུམ། ཕྱག་ཆེན་སྐོར་སོགས་ནི་རྒྱུན་ཆགས་སུ་གསུང་ལ། སྦྱོར་དྲུག་གི་གདམས་པ་ཞུ་མི་ནི་གཉིས་སུ་ལོངས་པ་ཡན་ཆད་ལ་འཁོར་ཡུག་དུ་གསུང་བས། དེས་གྲོལ་ཚུལ་ནི། རྡོ་རྗེ་ལུས་ཀྱི་དེ་ཉིད་མཐོང་བ་དང། ཞུང་ལྔའི་ཁ་དོག་མཐོང་བ་དང། འོད་གསལ་ལ་རྒྱ་འབྱམས་ཏེ་ཞལ་ལྔ་དྲུག་ཙམ། ཏིང་ངེ་འཛིན་རེ་ལ་མཉམ་པར་འཇོག་པ་དང། རྩིག་པ་དང། ཁང་ཁྱིམ་ལ་ཐོགས་མེད་དུ་འགྲོ་བ་དང། དུས་གསུམ་གྱི་རྣམ་པ་དངོས་སུམ་དུ་མཐོང་བ་དང། ཆུ་ལ་མི་འབྱིན་པ་དང། མེས་མི་འཚིག་པ་དང། རྨི་ལམ་ལ་རྟེན་ནས་སྤྲུལ་སྒྱུར་ནུས་པ་དང། གཏུམ་མོ་ལ་བརྟེན་ནས་བདེ་དྲོད་རང་ཤུགས་ཀྱིས་འབར་བ་དང། སྒྱུ་ལུས་ལ་རྟེན་ནས་དངོས་