R113: དཔལ་ལྡན་བླ་མ་རིན་པོ་ཆེ་བསོད་ནམས་བཟང་པོ་ལ་རྣམ་ཐར་གྱི་སྒོ་ནས་སྟོད་པ་དངོས་གྲུབ་ཀྱི་ཆར་གནས།

  • Pagination (Witness A): ༢༠བ
[A:༢༠བ] བཱ་ཀུ་ལ་འཁོར་བཅས་གཞུགས་ཡོད། ཁྱོད་མ་ཡོང་ཟེར། སྒོ་བསྲུངས་པ་ལ་ལྟས་པས། རྗེ་པ་དཔོན་སློབ་གཞུགས་འདུག། རྗེའི་ཞལ་ནས་ཁོང་ཡང་ཐོང། ངའི་སློབ་མ་ཡིན་གསུང་ནས། གྲལ་བཤིགས་གཅིག་ཏུ་ཐར། ཁྱོད་ཕལ་པ་མིན་པར་འདུག་ཟེར་བ་དང། བདག་གིས་སྤྲ་འབེབས་པའི་གདམས་ངག་གཅིག་བྱས་པ། སྤྲ་ཉེན་ལ་མ་ཕེབས་པར། བླ་མ་བྱིན་རླབས་པ་དེ་ན་གཞུགས་ཡོད་པས་ཁོང་ལ་ཕེབས་ཏེ། དེ་དུས་འཇའ་འོད་འཁྱིལ་པའི་ཁྲི་སྟེངས་ན། བུད་མེད་སྔོན་མོ་འགྱིང་བག་ཅན། འོད་ཟེར་དཔག་མེད་འཕྲོ་བ་གཅིག། ཁྱོད་ཀྱི་ཡིད་དམ་ལྷ་ཡིན་ཟེར། པཎ་ཆེན་ཟླ་བ་མགོན་པོ་ལ། ཤ་བ་རི་པའི་གདམས་ངག་ཞུས། དེ་ཡིས་དངོས་གྲུབ་གཏེར་བར་བྱེད། དེ་ནི་སྔོན་ནས་བླ་མ་ཡིན། ཟེར་བྱུང། དེའི་ལོ་རྒྱུས་། དྲུང་དུ་ཞུས། ཟླ་བ་མགོན་པོ་དེ་སུ་ཡིན་ཞུས་པས། གནས་བརྟན་གྱི་སྤྲུལ་པ་ཡིན་པར་གྲགས། སཱོ་མ་ན་ཐ་ཟེར་བ་ཡིན། ཤེས་ན་ཐག་རིང་པོ་ན་མེད་གསུང། དེ་ནས་ཉམས་དུམ་གཅིག་རྙེད། ཀརྨ་པའི་སྐུ་སྐྱེ་རེ་ལ། ཚོགས་པའི་མཁན་སར། གནས་བརྟེན་རེ་འབྱོན་ཟེར་བ་བདེན་ལགས་སམ་ཞུས་པས། ཆོས་རྗེ་རང་བྱུང་རྡོ་རྗེ་བསྙེན་རྫོགས་མཛད་དུས། རྗེ་བཙུན་བྱམས་པའི་ཞལ་ནས། དམག་ལམ་གྲོག་ཕུག་ན། གནས་བརྟན་ཡན་ལག་འབྱུང་གི་སྤྲུལ་པ་དགྲ་བཅོམ་པ། གཞོན་ནུ་བྱང་ཆུབ་ཟེར་བ་གཞུགས། དེ་ལ་གནས་ཀྱི་བླ་མ་ཆོལ། དེ་ནས་ཁྱེད་ཀྱི་རྒྱུད་པ་རེ་ལ། དེའི་མཁན་སར་ཁྱེད་ཀྱི་བླ་མར་འོས་པའི་གནས་བརྟན་རེ་འབྱོན་པ་ཡིན། ཅེས་ལུང་བསྟན་པར་གྲགས་གསུང། དེས་ན་སྨོན་ལམ་ལ་དབང་བས་གང་གི་ཕྱིར་དུ། སྨོན་ལམ་བཏབ་ཏེ་སྐུ་སྤྲུལ་མཉམ་ན། གདུལ་བྱའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས། ཀརྨ་པར་སྤྲུལ་དེའི་ཡོངས་འཛིན་དུ། གཉག་ཕུ་པར་