R102: རྗེ་བཙུན་ཆོས་ཀྱི་རྗེ་རྡོ་རྗེ་གདན་པ་ཆེན་པོ་ཇི་ལྟར་བྱོན་པའི་ལོ་རྒྱུས་མདོར་བསྡུས་པ།

  • Pagination (Witness A): 4b
[A:4b] རིན་པོ་ཆེ་བྱང་ཆུབ་དཔལ་བའི་དྲུང་དུ་རྔོག་ལུགས་ཀྱི་དཀྱིལ་འཁོར་བདུན་གྱི་དབང་རྣམས་སྔ་གོང་ནས་གསན་པ་བཞིན། དུས་ཕྱིས་རྔོག་སྟོན་བསོད་ནམས་དོན་གྲུབ་པའི་དྲུང་དུ། རྔོག་ལུགས་ཀྱི་དཀྱིལ་འཁོར་བདུན་ལ་སོགས་པའི་ཆོས་བསྐོར་རྣམས་ཀྱི་ལུང་མན་ངག་བཤད་པ་དང་བཅས་པ་རྣམས་ཡོངས་སུ་རྫོགས་པར་གསན། ཆོས་རྗེ་ལོ་ཆེན་ཤེས་རབ་རིན་ཆེན་པའི་དྲུང་དུ། གསང་སྔགས་ཅི་རིགས་དང༌། སླར་ཡང་འདུལ་མཛོད་དང༌། སྒྲའི་བསྟན་བཅོས་ལ་སོགས་པའི་ཆོས་བསྐོར་མང་དུ་གསན་ཅིང༌། ཁྱད་པར། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བཀའ་དང་གླེགས་བམ་གྱི་ལུང་ལ་སོགས་པའི་ཆོས་བསྐོར་རྣམས་ཡོངས་སུ་རྫོགས་པར་གསན་ནོ། དེ་ནས་དགུང་ལོ་བཞི་བཅུ་ཞེ་གསུམ་པ་ཤིང་ཕོ་རྟའི་ལོ་ལ། དཔལ་ཐམས་ཅད་མཁྱེན་པ་བྱམས་པ་གླིང་པ་བསོད་ནམས་རྣམ་པར་རྒྱལ་བའི་ཞལ྄་སྔ་ནས་མཁན་པོ། མཁན་ཆེན་རབ་འབྱོར་སེང་གེ་བ་ལས་སློབ། ཁྲོམ་ཡོན་པར་གྲགས་པ་མཁན་ཆེན་ནམ་མཁའ་ལྷུན་བཟང་པས་གསང་སྡེ་སྟོན་པ་མཛད་དེ་བསྙེན་པར་རྫོགས་པ་མཛད་དོ། གྲུབ་པའི་དབང་ཕྱུག་རས་ཆེན་ཆོས་རྗེའི་དྲུང་དུ། ནེ་གུ་ཆོས་དྲུག་ཤིན་ཏུ་ཉེ་བར་བརྒྱུད་པ་ལ་སོགས་པའི་ཟབ་ཆོས་མང་དུ་གསན་ཅིང༌། གཟིགས་སྣང་ཁྱད་པར་ཅན་མང་དུ་བྱུང་བའི་ལོ་རྒྱུས་ཀྱང་ཡོད། ཡང༌། གྲྭ་སྟོན་ཤེས་རབ་དཔལ་ལྡན་པའི་དྲུང་དུ། ཨུ་རྒྱན་པའི་རྡོ་རྗེ་གསུམ་གྱི་བསྙེན་བསྒྲུབ་དང༌། བཀའ་རྫོགས་པ་ཆེན་པོ་ལ་སོགས་པའི་ཆོས་བསྐོར་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པར་གསན། ཀུན་སྤངས་ཆོས་རྗེ་བསོད་ནམས་རྒྱལ་མཚན་པའི་དྲུང་དུ། རྒྱུད་སྡེ་གོང་འོག་གི་བཀའ་ལུང་རྒྱ་ཆེ་བར་གསན་ཅིང༌། ཁྱད་པར་དུ། བདེ་གཤེགས་