R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༢༥
[A:༣༢༥]མི་འགྱུར་ཞིང༌། །ཞིང་འདིར་ས་བོན་བཏབ་པ་སྨིན་པའི་འབྲས། །འབྲས་བཟང་རྡོ་རྗེ་འཛིན་ལས་གཞན་མིན་ན། །ན་རྒ་ཙམ་ཞིག་སེལ་ལ་ངོ་མཚར་ཅི། །དེ་ལྟར་ན་རང་གི་དོན་སྤངས་པ་དང་རྟོགས་པའི་ཡོན་ཏན་ཐམས་ཅད་ནི་མཐར་ཕྱིན། གཞན་རྗེས་སུ་འཛིན་པའི་ཐབས་རྒྱ་ཆེན་པོ་ལ་ནི་མངའ་བརྙེས། སྙིགས་དུས་ཀྱི་སེམས་ཅན་བདག་ཅག་ལ་སོགས་པ། རྒྱལ་བ་གཞན་གྱིས་མ་ཐུལ་བའི་རྨུ་རྒོད་མགོན་མེད་པ་རྣམས་ཀྱི་དཔལ་དུ་ནི་ཆས་པ་བཞིན། མ་ཉམས་པའི་གྲགས་པ་མཆོག་གིས་འཛིན་མའི་ཁྱོན་ཐམས་ཅད་བདག་གིར་མཛད་དེ། གཙོ་བོར་གདན་ས་ཆེན་པོ་དང༌། དཔལ་ལུང་དགོན་པ་གཉིས་སུ་གདན་ཆགས་ཤིང༌། གདུལ་བར་འོས་པའི་སྐྱེ་བོ་གང་དག་གང་ན་ཡོད་པ་དེར་རྒྱུ་ཞིང༌། གཞན་གྱི་དོན་ངལ་བ་མེད་པ་ལྷུག་པར་མཛད་དེ། དགུང་ལོ་བཅོ་བརྒྱད་པ་ལ་དཔའ་ལུང་དགོན་པར་སྐྱེ་བོའི་ཚོགས་གྲངས་ལས་འདས་པ་ལ་འཕགས་པ་ཞལ་བཅུ་གཅིག་པ་ལ་བརྟེན་པའི་སྨྱུང་གནས་ཤིག་མཛད་པ་དེ་ནས་བཟུང་སྟེ་ལོ་མང་པོར་སྨྱུང་གནས་ལ་བརྟེན་ནས་སྡིག་སྒྲིབ་སྦྱངས་ཤིང༌། ཐར་པའི་ས་བོན་སྐྱོན་མེད་པ་ཐེབས་པར་མཛད། དགུང་ལོ་ཉེར་གཉིས་བཞེས་པ་ས་ཕོ་རྟའི་ལོ་ལ་དཔལ་ས་སྐྱའི་སྐོར་ཆེན་གྱི་གཙོ་བོ་མཛད་དེ། དཔལ་གྱི་ལྷ་སར་རིམ་གྱིས་བྱོན་ཏེ། གཙང་སྟོད་ཀྱི་ཆེ་བར་རློམས་པ་མང་པོས་གཙོས་པའི་དད་པ་ཅན་ཁྲི་ཁྲག་དུ་མ་དང་ལྷན་ཅིག་ཏུ་དཔལ་ཆུ་བོ་རིར་ཕེབས་སྐྱེ་བོ་བྱིངས་སྔ་ཉིན་ཆུ་ཕུད་བདག་ཅག་གི་བླ་མ་དམ་པ་འདི་དཔོན་སློབ་དྲག་བསྡུས་ཤིག་གྲུ་བོ་ཆེ་ལ་སྤྱན་དྲངས་ན། སྐོར་བ་པ་རྣམས་ཀྱིས་སྔར་འཁྱུད་བཞིན་གདུགས་དང་བ་དན་དང༌། སྤོས་ཀྱི་སྤྲིན་འཁྲིགས་པ་དང༌། རོལ་མོ་དུ་མ་དང་བཅས་པའི་བསུ་བའི་བཀོད་པ་བཤམས་པའི་ཚེ། སྐྱེས་བུ་ཆེན་པོ་འདི་ལྟ་བུ་ལ། མི་རྣམས་ཀྱི་མཆོད་པ་ཁོ་ནས་ཆོག་པ་མ་ཡིན་