R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༢༣
[A:༣༢༣]བཞིན་ནད་ཀྱང་འཁྲུས་པ་ན། འཕོ་བ་འདེབས་པར་བདག་གི་བླ་མ་ཐུགས་རྗེ་ཆེན་པོ་འདི་སྤྱན་དྲངས་པའི་ཚེ། དེ་ཙམ་ལའང་མ་ཐུག་གི་གསུངས་ནས། དཔལ་ནག་པོ་ཆེན་པོ་དཔའ་བོ་གཅིག་པའི་རྗེས་སུ་གནང་བ་ཞིག་མཛད་དེ། ཡེ་ཤེས་ཕབ་ཚར་ཙམ་ལ། ལུས་ཀྱི་མདངས་རྙེད་ཅིང་དབུགས་དལ་གྱིས་སོང་ནས། ཟས་སྐོམ་གྱི་བཞེད་པ་ཅུང་ཟད་དང་ལྡན་པར་གྱུར་དེ་ནས་རིམ་གྱིས་སྐུ་ཟུངས་གོང་འཕེལ་དུ་གྱུར་ཏེ། འཆི་བདག་གི་ཆད་པ་ལས་གྲོལ་ནས། དེ་ཕྱིན་ཆད་ཀྱང་ལོ་བཅུའི་བར་ཞབས་བརྟན་པར་བཞུགས་ཏེ། འདི་ན་སེམས་ཅན་གཅིག་གི་ཚེ་ཟད་ན། །སངས་རྒྱས་སྟོང་གིས་མི་ཐུབ་ཟེར་བ་བརྫུན། །ངེས་པར་འཆི་བདག་ཁ་རུ་སོང་ཟིན་པ། །སླར་ཡང་ཡུན་རིང་འཚོ་བ་འདི་ལ་ལྟོས། །འོན་ཀྱང་རྒྱལ་བའི་དབང་པོ་ཇི་སྙེད་པ། །དེ་དག་ཀུན་གྱི་ཐུགས་རྗེ་ཇི་ཙམ་ཞིག །རེ་རེས་གྲངས་མེད་འགྲོ་བ་སྐྱོབ་ནུས་ན། །གཅིག་ཏུ་འདུས་ཚེ་མི་སྐྱོབ་ཅི་ཞིག་ཡོད། །བདག་ཀྱང་ལས་ངན་པའི་རྒྱུས་བསྐྱེད་པའི་ཕུང་པོ་འདི་སྔོན་བཟོད་པ་མ་བགྱིས་པའི་འབྲས་བུས་དུས་སུ་སྨིན་པ་བཞིན་ན་བ་ཁོ་ན་གནས་པ་ཞིག་ཡོད་ལ། ཁྱད་པར་ལོ་བཅུ་དགུ་པའི་ཚེ་ཟླ་བ་དྲུག་ནད་ཀྱིས་སྦྱངས་པའི་མཐར། འགུམ་པ་ལ་མངོན་དུ་ཕྱོགས་པས། སྨན་པ་མཁས་པ་ཞིག་གིས་རྩ་བལྟས་ཏེ་ཅང་མི་སྨྲ་བར་བདག་ལ་བལྟས་ཏེ་ཤུགས་ནར་ཞེས་བྱེད་ཅིང་མཆི་མ་ཕྱུང་ནས་སོང་ལ། ནང་དུ་ཡང་ཆུ་མེ་ལ་ཐིམ་པའི་རྟགས་རྣམས་ཤར་བ་ན། ཉེ་འབྲེལ་ཐམས་ཅད་རྟབ་རྟབ་པོར་གྱུར་ནས། བདག་གི་བླ་མ་འཆི་བདག་གི་དཔུང་འཇོམས་པ་འདི་སྤྱན་དྲངས་ནས། སྔས་མགོར་བཞུགས་ཏེ། ངེད་ལ་ལེགས་པར་ལྟོས་ལ་