R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༠༣
[A:༣༠༣]ཙརྻ། སྤྱན་རས་གཟིགས་སེང་གེ་སྒྲ། རྣམ་རྒྱལ། རྣམ་འཇོམས། སྨེ་བརྩེགས་དུད་ཁ། ལོ་མ་གྱོན་མ། སྣ་ཚོགས་ཡུམ། སོ་སོར་འབྲང་མ། བཅུ་གཅིག་ཞལ། འབྱུང་པོ་འདུལ་བྱེད་རྣམས་ཀྱི་སྒོམ་བཟླས་མཚན་པ་རེ། དེ་ནས་སྐུ་བཞེངས་ཏེ་རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་རྒྱས་བསྡུས་སྐབས་དང་སྦྱར་བའི་ཡན་ལག་བདུན་པ། མཎྜལ་ཅི་མང་མཛད་ནས་སེམས་བསྐྱེད་རྒྱས་པ་རེ་མཛད་དེ། ཟས་ཀྱི་རྣལ་འབྱོར་མདོ་རྒྱུད་ལས་གསུངས་པ་ལྟར་མཛད་ནས། སླར་ཐུགས་དམ་བསིལ་གཏོར་གྱི་སྐབས་སུ་ཐུགས་རྗེ་ཆེན་པོའི་སྒོམ་བཟླས་སྔོན་དུ་འགྲོ་བའི། ཛམ་སེར་ནག་གི་ཆུ་སྦྱིན། སྤྱན་རས་གཟིགས་དང༌། མི་འཁྲུགས་པ། ཡེ་ཤེས་སྐར་མདའ། སྒྲོལ་མ་རྣམས་ཀྱི་སྒོ་ནས་ཡི་དྭགས་ལ་ཆུ་སྦྱིན། གཏོར་མ་བརྒྱ་རྩ། ལན་ཆགས་གཏོར་མ་ཅི་མང༌། དབྱུག་གུ་དྲུག་ཅུ་རྩ་བཞི། བྲུལ་གཏོར། འོད་ཟེར་ཅན་གྱི་གཏོར་མ། སླར་ཡང་ཡི་དྭགས་ཀྱི་ཆུ་སྦྱིན་རྣམས་ཀྱི་མཐར་ཕུང་པོ་གསུམ་པའི་མདོ། ཤེས་རབ་སྙིང་པོ་ཚར་གསུམ་བདུད་བཟློག་དང་བཅས་པ། སྨོན་ལམ་གྱི་རིམ་པ་དུ་མ་དང་བཅས་པ་མཛད་དེ། ཆོས་གསུང་བ་སོགས་ཇི་ལྟར་རིགས་པའི་རྣམ་དཀར་གྱི་བྱ་བས་དུས་འདའ་ཞིང་སླར་དགོངས་ཐུན་ལ་གོང་བཞིན་ལམ་ཟབ་ལམ་དུས་རྒྱས་པ་རྩ་སྔགས་ལྔ་བཅུའི་བཟླས་པ། མགོན་པོའི་སྲུང་འཁོར་ནང་ཁྲིད་ཀྱི་ཉམས་བཞེས་དང་བཅས་པ་བདེ་མཆོག་ནག་པོ་ པའི་རིམ་གཉིས་བཟླས་པ་དང་བཅས་པ་དང༌། ཀྱེ་རྡོར། དུས་འཁོར། བདེ་མཆོག །འཇིགས་བྱེད་རྣམས་ལ་གཏོར་མ་འབུལ་བ་སྔོན་དུ་འགྲོ་བའི་གུར་ཞལ། དུར་ཁྲོད་བདག་པོ། དཀར་བདུད་ལྕམ་དྲལ། དམག་ཟོར་ལྷ་མོ། མཁའ་འགྲོ་སྤྱི་དང་གཞི་བདག་གཏོར་མ་རྣམས་